ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

2025.02.12
ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ། བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༥།༠༢།༡༢ ཉིན།
OHHDL

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན། བཀྲ་ཤིས་ལྷུན་པོའི་འདུས་སྤྱི་ནས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་སླད། མདོ་ལུགས་ཀྱི་གནས་བརྟན་ཕྱག་མཆོད་དང་འབྲེལ་བའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་དང་གདན་ས་བཀྲ་ཤིས་ལྷུན་པོའི་དབར་སྐྱེ་རབས་མང་པོར་དམིགས་བསལ་འབྲེལ་བ་ཡོད་པས། ཐེངས་འདིར་ཆོས་སྡེ་བཀྲ་ཤིས་ལྷུན་པོ་ནས་མགོན་པོ་གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་དགྱེས་ཚོར་གྱི་རྟེན་འབྲེལ་ཡག་པོ་བྱུང་བས་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་གནང་བ་དང་སྦྲགས། རྒྱལ་དབང་སྐུ་འཕྲེང་རིམ་བྱོན་དང་གདན་ས་བཀྲ་ཤིས་ལྷུན་པོའི་དབར་ཐུན་མོང་མ་ཡིན་པའི་འབྲེལ་ལམ་དམ་ཟབ་ཡོད་པ་དེས། མགོན་པོ་གང་ཉིད་རྒྱལ་བ་གོང་མའི་སྐྱེས་སྤྲུལ་ཞིག་ཡིན་པའི་ཆ་ནས་གང་ཉིད་ཀྱི་མནལ་ལམ་དང་དགོངས་འཆར་ནང་ལ་རྒྱལ་བ་གོང་མའི་བྱིན་རླབས་ཀྱི་རྒྱུན་ཡོད་པའི་ཐུགས་ཚོར་བྱུང་བཞིན་ཡོད་པ་བཀའ་སྩལ་གནང་མཛད་སོང་།

2025-02-12-Bylakuppe13_SR59470.jpg
བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༥།༠༢།༡༢ ཉིན།

ཆོས་སྡེ་བཀྲིས་ལྷུན་པོའི་མཁན་པོ་གཟིགས་རྒྱབ་རིན་པོ་ཆེ་མཆོག་གིས། ཐེངས་འདིར་་བཀྲིས་ལྷུན་པོའི་དགོན་པ་ནས་བརྟན་བཞུགས་འདེགས་འབུལ་ཞུས་པ་དང་ལྷན་དུ་གྲྭ་ཚང་འདིས་ཕྱོགས་བསྒྲིགས་གནང་བའི་༸རྒྱལ་དབང་སྐུ་འཕྲེང་དང་པོ་ནས་བཅུ་བཞི་བར་གྱི་མཛད་རྣམ་ཕྱོགས་བསྒྲིགས་ཞུས་པའི་ཕྱག་དེབ་ ༢༩ དཔར་སྐྲུན་དབུ་འབྱེད་གནང་བ་སོགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཚུལ་དུ་ཕུལ་རྒྱུ་བྱུང་ཡོད་པ་སོགས། བརྟན་བཞུགས་གང་སྤྱིའི་ཐད་ཕུན་སུམ་ཚོགས་པ་བླ་ན་མེད་པ་བྱུང་ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

2025-02-12-Bylakuppe20NZ6_9510.jpg
བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༥།༠༢།༡༢ ཉིན།

དེ་མཚུངས་ཐེངས་འདིར་ཆོས་སྡེ་བཀྲིས་ལྷུན་པོའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་རྟེན་འབྲེལ་མཚོན་ཆེད། ར་ལུག་ ༡༡༣ དང་། ཉ་ ༡༡༠༡༡༣ སྲོག་བླུ་བཏང་གནང་ཡོད་པ་རེད་འདུག་ལ། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀྲ་ཤིས་ལྷུན་པོའི་དགོན་པའི་མཁན་པོ་གཟིགས་རྒྱབ་རིན་པོ་ཆེ་མཆོག་ནས་གནང་ཞིང་། བརྟན་བཞུགས་ཐོག་སྐྱབས་རྗེ་དགའ་ལྡན་ཟུར་རིན་པོ་ཆེ་མཆོག་དང་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག དེ་བཞིན་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དང་གཞུང་ཞབས་ལས་ཟུར་རྣམ་པ་དང་ས་གནས་འགོ་འཛིན་རྣམ་པ་གཙོས་པའི་བོད་མི་སེར་སྐྱ་མི་མང་དང་ཕྱི་ནང་དད་ལྡན་པ་ཁྱོན་ཆིག་ཁྲི་མ་ཟིན་ཙམ་ཞིག་ལྷན་བཞུགས་གནང་ཡོད་པ་རེད།

2025-02-12-Bylakuppe08NZ9_9989.jpg
བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༥།༠༢།༡༢ ཉིན།

འདི་ག་རླུང་འཕྲིན་ཁང་ནས་བརྟན་བཞུགས་ཐོག་བཅར་མཁན་བོད་མི་ཁག་གཅིག་ལ་བཀའ་འདྲི་ཞུས་པར་ཁོང་རྣམས་ནས། མགོན་པོ་གང་ཉིད་ཀྱི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་གོ་སྐབས་ཐོབ་པར་དགའ་ཚོར་དང་སྦྲགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་ཞུ་ཡི་འདུག

2025-02-12-Bylakuppe07_SR59387.jpg
བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༥།༠༢།༡༢ ཉིན།

གཞི་རྩའི་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་ནང་ལམ་རིམ་གསུང་ཆོས་བཀྲིན་ཆེ་གནང་མཛད་མཚམས་སུ། ལམ་རིམ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་དང་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོ་དགོན་པ་ཐུན་མོང་ནས་མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་བཅས། ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་ནི་མགོན་པོ་མཆོག་ལ་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་ནས་ལོ་དགུའི་རྗེས་བརྟན་བཞུགས་བསྟར་འབུལ་ཞུས་པ་ཞིག་ཆགས་ཀྱི་ཡོད་པ་རེད་ལ། ཡོང་འགྱུར་ཟླ་ ༢ ཚེས་ ༡༣ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲ་ཤིས་ལྷུན་པོར། མང་ཚོགས་ལ་སྒྲོལ་དཀར་གྱི་ཚེ་དབང་སྩལ་གཏན་འཁེལ་ཡོད་པ་དང་།  ཟླ་ ༢ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་རྒྱུད་སྨད་གྲྭ་ཚང་གིས་བརྟན་བཞུགས་བསྟར་འབུལ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་གནང་མཛད་འཆར་ཡོད་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།







བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎