རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ།
2019.11.08

རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པྲེམ་སིང་རྟ་མང་མཆོག་གིས་སྣེ་ཁྲིད་པའི་ཁོང་གི་བཀའ་ཤག་དང་ལས་བྱེད་ཁག་ཅིག་ནས་ཕྱི་ཟླ་༡༡ཚེས་༨ཉིན་༸གོང་ས་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་ཁོང་གི་བཟའ་ཟླ་བུ་ཕྲུག་ཀྱང་ལྷན་བཅར་ཞུས་འདུག མཇལ་ཁ་གྲུབ་རྗེས་སྤྱི་ཁྱབ་བློན་ཆེན་མཆོག་ནས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་སྐབས། ༧གོང་ས་མཆོག་ནས་མཇལ་ཁའི་དུས་ཚོད་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།ང་ཚོས་༧གོང་ས་མཆོག་འབྲས་ལྗོངས་ལ་བྱིན་རླབས་གནང་བར་མགྲོན་འབོད་ཞུས་ཡོད་པ་མ་ཟད། ད་ལན་མཇལ་ཁ་ཐོབ་པར་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་གསུངས་ཡོད་པ་རེད།
ཚེས ༨ བཞུགས་སྒར་དུ་རྒྱ་གར་ཧི་མ་ཅལ་མངའ་སྡེ་ཡར་རྒྱས་ཀྱི་ཆེད་མ་རྩ་འཇོག་མཁན་ཚོས། རྒྱལ་སྤྱིའི་ལྷན་ཚོགས་ཤིག་གནང་བཞིན་པའི་སྐུ་ཚབ་རྣམས་ནས་ཀྱང་༧གོང་ས་མཆོག་ལ་བཞུགས་སྒར་ཕོ་བྲང་དུ་མཇལ་ཁ་ཞུས་ཡོད་ཅིང་།སྐབས་དེར་༧གོང་ས་མཆོག་གིས་དེང་རབས་ཀྱི་ཤེས་ཡོན་གྱིས་ཕྱི་དངོས་པོའི་ཡར་རྒྱས་ལ་ཕན་ཐོགས་དང་།རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་གྱིས་ནང་སེམས་ཀྱི་ཞི་བདེ་ལ་ཕན་ཐོགས་ཡོད་པས།དེ་གཉིས་ཟུང་འབྲེལ་བྱེད་རྒྱུ་གལ་ཆེ་བའི་སྐོར་བཀའ་གནང་ཡོད་པ་རེད།
༧གོང་ས་མཆོག་གི་མཇལ་ཁ་བཀའ་སློབ་དེར་རྒྱ་གར་དང་ནུབ་ཕྱོགས་པའི་མི་རིགས་འདྲ་མིན། སོག་པོ་དང་ཝི་ཏི་ནམ་བཅས་མི་རིགས་སྣ་ཚོགས་བཅར་ཡོད་ཅིང་། མཇལ་འཕྲད་གྲུབ་པ་དང་བསྟུན། ཕྱི་ཚེས་ ༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ནས་ཆིབས་ཐོན་གྱིས་རྒྱ་གར་པན་ཇབ་མངའ་སྡེའི་ཨམྲིཏ་སར་དུ་ཆིབས་སྒྱུར་གནང་ཡོད་པ་དང་། ཨམྲིཏ་སར་དུ་རྟེན་གཞི་བྱེད་པའི་སིག་ཆོས་ལུགས་ཀྱི་སྲོལ་འབྱེད་གུ་རུ་ནཱ་ནག་མཆོག་གི་མཚན་ཐོག་ཏུ་ཡོད་པའི་མཐོ་སློབ་གྲགས་ཅན་ GuruNanakDev University ཞེས་པའི་ནང་མངའ་སྡེ་གཞུང་གིས་གོ་སྒྲིག་འོག་ཚེས་ ༩ ཉིན། གུ་རུ་ནཱ་ནག་མཆོག་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་ ༥༥༠ འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་༸གོང་ས་མཆོག་དབུ་བཞུགས་ཀྱིས་ཆོས་ལུགས་འཆམ་མཐུན་སྐོར་བཀའ་སློབ་གནང་རྒྱུ་ཡིན་འདུག