ཤིན་ཅང་ནང་ཨོ་ལིམ་པིག་དཔལ་འབར་བསྐོར་བསྐྱོད་བྱས་སྐོར།
2008.06.18
༄༅༎རྒྱ་ནག་གཞུང་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་བྱེད་སྐབས་ཚོང་ཁང་དང་ལམ་ཁ་མང་པོ་སྒོ་རྒྱབ་བཅུག་ཡོད་པ་དང་ཡུལ་མི་མང་པོ་ཕྱི་ལ་འདོན་མི་འཇུག་པ་དང་ཉེན་རྟོག་པའི་བསྐོར་སྲུང་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་རེད་ དེ་ནི་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་གི་རྩེད་འགྲན་གྱི་དཔལ་འབར་རྒྱ་ནག་རྒྱལ་ཡོངས་སུ་སྐོར་བསྐྱོད་བྱ་རྒྱུའི་འཆར་གཞིའི་ནང་ནས་ཤིན་ཅང་ནང་གི་སྐོར་བསྐྱོད་ཀྱི་བྱེད་སྒོ་དེ་ནི་ཆབ་སྲིད་གནས་སྟངས་ཛ་དྲག་པོ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་སྲུང་སྐྱོབ་ཀྱི་ལས་དོན་ཧ་ཅང་གི་དམ་བསྒྲགས་བྱས་པ་དང་ཉེན་རྟོག་པའི་ལྟ་སྲུང་ཁང་གིས་དུས་རྒྱུན་གྱི་རྒྱལ་སའི་ནང་གི་བྱེད་སྒོ་ཁག་ལ་རྟོགས་ཞིབ་དང་དམ་བསྒྲགས་བྱས་པ་མ་ཟད། དམིགས་བསལ་རྒྱལ་སའི་ནང་གི་མི་དམངས་ཀྱི་ཐང་ཆེན་ཐོག་ལ་ཉེན་རྟོག་པ་ཁྱོན་ཆེ་འགྲེམས་འཇོགས་ཀྱིས་སྲུང་སྐྱོབ་དམ་བསྒྲགས་ཆེན་པོ་བྱས་ཡོད་པ་རེད་
རྒྱ་ནག་གཞུང་གིས་དཔལ་འབར་སྐོར་བསྐྱོད་ཉིན་གསུམ་རིང་ཤིན་ཅང་གི་གྲོང་ཁྱེར་ཁག་བཞིའི་ནང་སྐོར་བསྐྱོད་བྱ་རྒྱུའི་འཆར་གཞི་དང་དེ་རྗེས་བོད་ནང་འཁྱེར་རྒྱུ་ཡིན་ཞིང་། བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་གནས་ཚུལ་མང་པོ་བྱུང་བ་སོང་ཙང་རྒྱ་ནག་གཞུང་གིས་ད་དུང་མུ་མཐུད་དེ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་ཐོག་དཔལ་འབར་བསྐོར་བསྐྱོད་དེའང་རེས་གཟའ་ལྷག་པ་དང་ཕུར་བུ་གཉིས་གཏན་འཁེལ་མེད་པར་གནས་ཡོད་པ་དང་ད་ཆ་དཔལ་འབར་འཁེར་སའི་ས་ཁུལ་འགའ་ཤས་ལ་འགྱུར་བ་བཏང་ཡོད་པ་སོགས་ཀྱི་གནས་སྟངས་ཤིག་ཡོད་པ་རེད་
གང་ལྟར་བོད་དང་ཤིན་ཅང་གཉིས་ཀ་རྒྱ་ནག་གཞུང་གི་འོག་སྐད་ཡིག་དང་ཡུལ་གོམས་གཤིས་ལུགས་རིག་གཞུང་འཚོ་བ་སོགས་མི་འདྲ་བ་ཞིག་ཡོད་པའི་ཐོག་ཉེ་སྔོན་གསུམ་ཅུའི་དུས་དྲན་ཉིན་ནས་བཟུང་བོད་ནང་བོད་རང་དབང་དགོས་པའི་ངོ་རྒོལ་སྐད་འབོད་རྒྱབ་པའི་གནས་ཚུལ་མང་པོ་བྱུང་བ་དང་དེའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་སོགས་ཀྱི་གནས་ཚུལ་འཁོད་འདུག༎