༸གོང་ས་མཆོག་གིས་ཧི་མ་ཅལ་ཁུལ་དུ་ཆར་ཞོད་དང་ཆུ་ལོག་རྐྱེན་གྱིས་གོད་ཆག་བྱུང་བར་ཐུགས་སྨོན་སྩལ་བ།
ཕྱི་ཟླ་༨ཚེས་༢༢ཉིན་ལ་དྭགས་ཞི་བ་ཚལ་ཕོ་བྲང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མ་ཅལ་མངའ་སྡེའི་ཁུལ་དུ་ཆར་ཞོད་རྐྱེན་གྱིས་མི་ ༢༢ འདས་གྲོངས་དང་རྐྱེན་ངན་གོད་ཆག་བྱུང་བར་ཐུགས་སྨོན་གསུང་འཕྲིན་ཞིག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ (Jairam Thakur) ལགས་ཀྱི་མཚན་ཐོག་ལ་སྩལ་གནང་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ནང་། ངོས་ཀྱིས་རང་བྱུང་གི་གནོད་འཚེས་རྐྱེན་པས་རྐྱེན་འདས་སུ་སོང་བ་རྣམས་དང་། གནོད་འཚེ་ཕོག་པ་ཡོངས་ལ་སྨོན་ལམ་ཡོད་ཅེས་དང་། ཡང་རང་བྱུང་གི་གནོད་འཚེ་ཕོག་པ་རྣམས་ལ་མངའ་སྡེའི་གཞུང་དང་ཚོགས་པ་ཁག་གིས་ངལ་སེལ་གྱི་ཕྱག་རོགས་གནང་བར་བསྔགས་བརྗོད་ཡོད་ཅེས་བཀའ་སྩལ་གནང་འདུག
གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་དོན། ངོས་རང་མངའ་སྡེ་འདི་དང་ཡུལ་མི་ཚོར་དམིགས་བསལ་གྱི་ཚོར་བ་ཞིག་ཡོད་པ་དེ་ནི། འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་ངོས་ཀྱི་རང་ཁྱིམ་ལྟ་བུ་ཆགས་ཡོད་པས་ཡིན་པར་གསུངས་འདུག མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེའི་གཞུང་དམངས་དང་གྲོགས་པོ། དེ་བཞིན་ཁྱིམ་མཚེས་བཅས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་གྱི་ཆེད་ཞལ་འདེབས་སྩལ་རྒྱུ་ཡིན་ཞེས་བཀའ་སྩལ་འདུག
ད་རིང་སྔ་དྲོ་ཕྱག་ཚོད་ ༡༡ ཙམ་ལ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་མན་ཌིའི་ཁུལ་དུ་གོད་ཆག་བྱུང་བའི་ས་གནས་སུ་ཕེབས་སྐབས། གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ད་བར་ཉིན་གྲངས་གསུམ་གྱི་རིང་ཆར་ཞོད་གོད་ཆག་གི་རྐྱེན་པས་ཧི་མ་ཅལ་ཁུལ་དུ་འདས་གྲོངས་སུ་གྱུར་པའི་མི་གྲངས་ ༢༢ ཆགས་ཀྱི་ཡོད་པ་དང་། དེ་དག་གི་ནང་མིར་ཧི་མ་ཅལ་མངའ་སྡེའི་གཞུང་ནས་ཧིན་སྒོར་འབུམ་བཞི་རེ་གནང་རྒྱུ་ཡིན་སྐོར་གསུངས་འདུག
ད་ལྟའི་ཆར་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་བོད་ཀྱི་སྨན་སྩིས་ཁང་གི་ཉེ་འཁྲིས་སུ་ཡོད་པའི་རྡ་ཤོད་ནས་གངས་སྐྱིད་དུ་འགྲོ་སའི་གཞུང་ལམ་ཞིག་ཆར་ཞོད་ཀྱི་རྐྱེན་པས་ལུག་ཡོད་པ་དང་ཧི་མ་ཅལ་མངའ་སྡེའི་རྫོང་ཀང་གྷ་རའི་ཁུལ་དུ་ཅག་ཀི་(Chakki)མེ་འཁོར་ལྕགས་ལམ་རྙིང་གྲས་ཤིག་ཆར་ཤུལ་གྱིས་ཁྱེར་ནས་གཏོར་སྐྱོན་ཤུགས་ཆེ་བྱུང་ཡོད་འདུག དེ་བཞིན་ས་གནས་མང་དག་ཅིག་ལ་ས་ཉིལ་བའི་དཀའ་ངལ་ཡང་འཕྲད་འདུག ཐེངས་འདིའི་གོད་ཆག་ཕོག་སའི་རྫོང་གཙོ་བོ་གསུམ་ཆགས་ཀྱི་ཡོད་པ་ནི། ཀང་གྷ་ར་རྫོང་། ཅམ་པ་རྫོང་། དེ་བཞིན་མན་ཌི་བཅས་ཡིན་འདུག
ཕྱི་ཟླ་༨ཚེས་༢༠ཉིན་རྒྱ་གར་གནམ་གཞིས་སྔོན་བརྡའི་ལྷན་ཁང་གིས་ཉེན་བརྡ་ཞིག་བཏང་བའི་ནང་། ཕྱི་ཚེས་༢༠ནས་བཟུང་ཉིན་ལྔའི་རིང་ཧི་མ་ཅལ་མངའ་སྡེའི་ཁུལ་དུ་ཆར་ཞོད་ཆེ་བའི་ཉེན་བརྡ་འབྲིང་བ་ཞིག་བཏང་ཡོད་པ་དང་། ཡུལ་སྐོར་སྤྲོ་འཆམ་པ་རྣམས་གཙང་པོ་དང་རྒྱུག་ཆུའི་འགྲམ་ལ་འགྲོ་མི་ཆོག་པའི་ལམ་སྟོན་ཡང་གནང་འདུག