༸གོང་ས་མཆོག་གི་མཛད་འཕྲིན་ལ་དཔྱད་པ་ཞེས་པའི་ཕྱག་དེབ།
2009.07.25
༄༅༎བོད་ཟླ་དྲུག་པའི་ཚེས་བཞི་ཆོས་འཁོར་དུས་ཆེན་ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཁས་དབང་སྐུ་ཞབས་པེརེམ་ཀུ་མར་རྡུ་མལ་མཆོག་ནས་ཤེས་ཡོན་ཐད་མཁས་དབང་རྒྱ་གར་བ་སྐུ་ཞབས་སོམ་པི་རན་ཆན་གྱིས་རྩོམ་བྲིས་གནང་པའི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་འཕྲིན་ལ་དཔྱད་པ་ཞེས་པའི་ཕྱག་དེབ་དེའི་ཞལ་འབྱེ་གནང་འདུག
ཕྱག་དེབ་དེའི་ནང་མཁས་དབང་སྐུ་ཞབས་སོམ་རན་ཆན་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་མཛད་རྣམ་དང་ཆོས་ཕྱོགས་ཀྱི་དབུ་འཁྲིད་དེ་བཞིན་བོད་མིའི་སྲིད་ཀྱི་དབུ་འཁྲིད་སོགས་ཕྱོགས་ཡོངས་ཀྱི་མཛད་འཕྲིན་ཁག་ལ་ཞིབ་དཔྱད་ཀྱིས་ཕྱོགས་བསྒྲིག་གནང་ཡོད་འདུག
ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རྡུ་མལ་མཆོག་གིས་ཕྱག་དེབ་རྩོམ་པ་པོར་ཆེད་བསྟོད་གནང་པ་དང་སྦྲགས་ཁོང་གིས་བྲིས་གནང་པའི་ཕྱག་དེབ་འདིས་མ་འོངས་པར་བོད་ཀྱི་ནང་ཆོས་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ལ་དཔྱད་ཞིབ་ཞུ་མཁན་ཚོར་ཧ་ཅང་གི་ཐུགས་ཕན་གསོས་པོ་ཡོང་རྒྱུ་ཡིན་པ་གསུངས་ཡོད་པ་རེད་ལ་ད་དུང་ཁོང་གིས་མི་སུ་ཇི་འདྲ་ཞིག་ལ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུ་དང་ཐུགས་རྗེའི་བྱིན་རླབས་ཞུ་རྒྱུའི་གོ་སྐབས་བྱུང་ཡང་དེ་ནི་རྨི་ལམ་གྱི་ཆོས་ཤིག་ངོ་མར་གྱུར་བ་ལྟ་བུ་ཡིན་པ་ལྟར་ང་རང་ལ་ཡང་དེ་ལྟ་བུའི་གོ་སྐབས་བྱུང་བ་དེ་ནི་དུས་རྟག་ཏུ་དགའ་སྤོབས་ཞུ་གི་ཡོད་ཅེས་གསུངས་འདུག
ཤེས་ཡོན་མཁས་དབང་སྐུ་ཞབས་སོམ་རན་ཆན་མཆོག་གིས་བྲིས་གནང་པའི་ཕྱག་དེབ་དེའི་ནང་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྣམ་ཕྱོགས་བསྒྲིག་ཞུས་པའི་ཕྱག་དེབ་གཞན་ཁག་དང་ཧ་ཅང་གི་མི་འདྲ་བ་ཡོད་པ་རྒྱ་གར་གྱི་པི་ཊི་ཨཡི་གསར་ལས་ཁང་གིས་བརྗོད་འདུག་ཅིང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྣམ་གྱི་ནང་དོན་མི་འདྲ་བ་ཞིག་ཕྱོགས་བསྒྲིག་གནང་སྟེ་དེ་དོན་གཉེར་ཅན་པ་གཞན་ཚོས་ཀྱང་ལོངས་སུ་སྤྱོད་ཐུབ་པ་བཟོས་གནང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ཕྱག་དེབ་ཀྱི་ཞལ་འབྱེའི་མཛད་སྒོའི་སྐབས་གསུངས་འདུག།