བཀའ་ཁྲིའི་དཀའ་ངལ་ཆེ་ཤོས་ནི་རྒྱ་ནག་དང་འབྲེལ་ལམ་བྱ་ཕྱོགས་དེ་ཡིན།

འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་སུ་ཕེབས་ཀྱང་དཀའ་ངལ་ཆེ་ཤོས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་ལམ་བྱ་ཕྱོགས་དེ་ཆགས།

2011.02.22

༄༅༎རྡ་རམ་ས་ལར་གཏན་སྡོད་བལ་པོའི་གསར་ཤོག་ཧི་མལ་གྱི་གསར་འགོད་པ་ས་རནཤ་སེ་གལ་གྱིས་ བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅར་འདྲི་དགོངས་བསྐོར་ཞུས་པའི་བཀའ་ལན་གྱི་ནང་ འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་སུ་ཕེབས་ཀྱང་ དཀའ་ངལ་ཆེ་ཤོས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་ལམ་བྱ་ཕྱོགས་དེ་རང་བཞིན་གྱི་ཆགས་རྒྱུ་ཡིན་པ་གསུངས་འདུག།

ཡང་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ རྒྱ་ནག་གི་འབྲེལ་ལམ་མིན་པའི་དོན་གནད་གཞན་གསུམ་གྱི་ཐོག་གདོང་བྱེད་དགོས་པ་ཆགས་རྒྱུ་ཡིན་པ་གསུངས་ཤིང་ དེ་གསུམ་པོ་ནི་ ཤེས་ཡོན་གྱི་ཚད་གཞི་དང་ གཞིས་ཆགས་ བོད་མིའི་ཡ་རབས་བཟང་སྤྱོད་བཅས་ཡིན་པ་གསུངས་ཡོད་པ་རེད།

བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ བཙན་བྱོལ་བོད་གཞུང་ལ་ བོད་མི་ཙམ་མིན་པར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཡོངས་ལ་ཤེས་ཡོན་སྤྲོད་རྒྱུའི་མཐུན་འགྱུར་ཡོད་ན་ཡང་ དགེ་རྒན་ཚད་ལྡན་མེད་པ་དང་ ཤེས་ཡོན་གྱི་སྤུས་ཚད་དམན་པའི་དཀའ་ངལ་ཡོད་པ་གསུངས་འདུག། ཤེས་ཡོན་ལམ་ལུགས་གཅིག་འགྱུར་བཟོ་ཐབས་ཀྱི་སྲིད་བྱུས་དེ་གཅིག་པུས་ ཤེས་ཡོན་གྱི་སྤུས་ཚད་བཟང་དུ་འགྲོ་རྒྱུར་ཕན་ཐོགས་འབྱུང་རྒྱུ་མིན་པར་ དགེ་རྒན་དང་ཕ་མ་ དེ་བཞིན་སྤྱི་ཚོགས་ཁྱོན་ཡོངས་ནས་འདིའི་ཐད་འགན་འཁུར་བླངས་དགོས་པ་གསུངས་འདུག།

ཡང་བཀའ་ཁྲི་མཆོག་གིས་ བཙན་བྱོལ་བོད་མིའི་མི་འབོར་ཆེ་ཤོས་དེ་གཞིས་ཆགས་ཁག་གི་ནང་ཡོད་པ་དང་ ཁོང་ཚོའི་འཚོ་བའི་རྟེན་གཞི་གཙོ་བོ་དེ་སོ་ནམ་ཞིང་ལས་ཡིན་ན་ཡང་ དེང་སྐབས་ཀྱི་གཞོན་སྐྱེས་ཚོས་སོ་ནམ་ཞིང་ལས་ཀྱི་ལས་དོན་གཉེར་རྒྱུར་དགའ་མོས་བྱེད་ཀྱི་མེད་པ་དང་ རྒྱ་གར་དང་བལ་ཡུལ་ འབྲུག་བཅས་ཀྱི་ནང་སྡོད་རྒྱུ་ལས་ནུབ་ཕྱོགས་སུ་འགྲོ་རྒྱུར་བློ་འདོད་ཤུགས་ཆེ་བྱེད་བཞིན་པར་བརྟེན་ རིམ་པས་བོད་མིའི་གཞིས་ཆགས་དེ་དག་ ཆེ་ས་རྒྱ་གར་གྱི་གྲོང་ཁྱེར་ཁག་དང་མཉམ་བསྲེས་འགྲོ་རྒྱུའི་ཉེན་ཁ་ཡོད་པར་བརྟེན་ དེ་འདྲའི་གནས་ཚུལ་ཞིག་འབྱུང་ཚེ་ མི་འབོར་འབུམ་གཅིག་ཙམ་ལས་མེད་པའི་བོད་མི་དེ་དག་ལས་སླ་པོར་སིམ་ཡལ་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་གསུངས་འདུག།

དེ་ནས་བོད་མིའི་ཡ་རབས་བཟང་སྤྱོད་ཉམས་རྒུད་འགྲོ་བཞིན་པར་ ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་པ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་འདུག།  ཁོང་གིས་གཞི་རྐང་བོད་མི་ཚོ་ཆོས་དད་ཆེ་བའི་མི་རིགས་ཤིག་ཡིན་པ་དང་ དོན་མེད་སྐྱག་རྫུན་ཤོད་པ་དང་ གཞན་ལ་གནོད་པའི་རིགས་བྱེད་རྒྱུར་འཛེམས་ཟོན་བྱ་མཁན་ཞིག་ཡིན་ན་ཡང་ དེང་སང་གི་མི་རབས་ནང་ཡ་རབས་བཟང་སྤྱོད་དེ་དག་ཉམ་རྒུད་འགྲོ་བཞིན་ཡོད་པའི་རྣམ་པ་ཞིག་ཡོད་པར་བརྟེན་ གལ་ཏེ་བོད་མིའི་བཟང་སྤྱོད་ཀྱི་རིག་གཞུང་དེ་ཉམ་ཚེ་ དེ་དང་ཆབས་ཅིག་ བོད་རང་དབང་འཐབ་རྩོད་ཀྱི་ནུས་པ་ཡང་ཉམ་རྒྱུའི་ཉེན་ཁ་ཡོད་པ་གསུངས་སྟེ་ འདིའི་ཐད་ཧ་ཅང་གི་ཡིད་གཟབ་དགོས་གལ་ཆེ་བའི་སྐོར་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎