ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ཏེ་ཐུགས་དམ་དུ་བཞུགས་པ་དང་། དགོངས་པ་མ་རྫོགས་གོང་གདུལ་བྱ་རྣམས་ལ་ཞལ་གདམས་ཕེབས་ཡོད་འདུག
དཔལ་ལྡན་ས་སྐྱ་པའི་ངོར་ཆེན་རྒྱལ་བའི་རྒྱལ་ཚབ་༸ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་མཆོག སྤྱི་ལོ་༢༠༢༢ལོའི་ཟླ་བ་༡༢པའི་ཚེས་༢༨ཉིན་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་དགོངས་པ་གཞན་དོན་དུ་ཕེབས་པ་དང་བསྟུན། ཉི་མ་གསུམ་རིང་ཐུགས་དམ་དུ་བཞུགས་ཡོད་པར། ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་༸རྒྱལ་ཡུམ་ཆེན་མོ། ས་སྐྱའི་༸གོང་མ་ཁྲི་འཛིན་ཞེ་གསུམ་པ། ས་སྐྱའི་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་བཅས་ནས་ཐུགས་སྨོན་དང་མཇལ་ཁ་ཞུས་གནང་ཡོད་པ་སོགས། གདན་ས་ངོར་མ་དགོན་གྱི་དབུ་འཛིན་མཁན་པོ་མཁྱེན་བརྩེ་ལགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ངོར་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་དགོངས་པ་མ་རྫོགས་པའི་ཉི་མ་དྲུག་གི་གོང་ཙམ་དེར། གདུལ་བྱ་རྣམས་ལ་ཞལ་གདམས་ཀྱི་གསུང་འཕྲིན་བཀའ་ཡིག་ཅིག་ཕེབས་པའི་ནང་། “འདི་ཕྱིའི་འཕྲལ་ཡུན་ཕན་བདེའི་གཞི་སྒོ་གཅིག་པུ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེར་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན། བྱ་བ་ལས་ཀྱི་འཁོར་ལོ་སྟེ་འཁོར་ལོ་གསུམ་གྱི་སྒོ་ནས་སམ། ཡང་ན། རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་སྟེ་དམ་པའི་ཚུལ་དགུས་རྒྱལ་བསྟན་སྤྱི་དང་། བྱེ་བྲག་དཔལ་བརྩེ་བ་ཆེན་པོའི་བསྟན་པ་རིན་པོ་ཆེ་འདི་ཉིད་རང་དོན་རང་གཅེས་ཀྱི་ཚུལ་དུ་སྙིང་སྟོབས་ཞུམ་མེད་ཀྱིས་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པ་དང་། ཆོས་འབངས་དད་ལྡན་རྣམས་ཀྱིས་ཀྱང་ལྷག་བསམ་ཟོལ་མེད་ཐོག་རང་གཞན་འདི་ཕྱི་དགེ་བའི་རོགས་དན་ཅི་ནུས་གནང་སྐྱོང་ཡོང་བའི་འབོད་བསྐུལ་” ཅེས་འཁོད་ཡོད་པ་དང་། མཁན་པོ་མཁྱེན་བརྩེ་ལགས་ནས་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནི། བོད་གངས་ཅན་གྱི་བསྟན་པ་འཛིན་པའི་སྐྱེས་བུ་གནད་འགག་ཆེ་ཤོས་ཤིག་དང་། ལྷག་པར་ས་སྐྱའི་བསྟན་བདག་བླ་ཆེན་ཚོར་ཧ་ཅང་ཐུགས་ཉེ་བོ་ཕན་ཚུན་བླ་སློབ་ཀྱི་འབྲེལ་བ་གྲུབ་ཁར། ༸གོང་ས་མཆོག་དང་ཡང་ཐུགས་འདྲིས་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཁོང་གིས་ཀླུ་ལྡིང་མཁན་ཆེན་མཆོག་ནས་བོད་ནང་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་རླབས་ཆེན་གནང་བ་དང་། ཁྱད་པར་རྒྱ་གར་དུ་ཕེབས་ཏེ་བསྟན་པ་ཉག་ཕྲ་བའི་སྐབས་སུ། བསྟན་པའི་མེ་རོ་སླར་ཡང་གསོ་མཁན་གྱི་བསྟན་པ་འཛིན་པའི་སྐྱེས་ཆེན་གཙོ་བོ་ཞིག་ཆགས་པ་སོགས་འགྲེལ་བརྗོད་གནང་གི་འདུག
ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་ནི། བོད་ཀྱི་གཙང་གི་ས་ཆར་ཡབ་ཤར་ཆེན་ཀླུ་ལྡིང་པ་བཀྲ་ཤིས་རྒྱལ་མཚན་དང་། ཡུམ་སྤེན་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ཕྱི་ལོ་༡༩༣༡ལོར་འཁྲུངས་ཏེ། མདོ་དབུས་ཁམས་གསུམ་དུ་སློབ་གཉེར་ཉམས་བཞེས་དང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཕྱག་རྗེས་ཐོན་པ་དང་། ལྷག་པར་འདུལ་བའི་བསྟན་པ་ཤིན་ཏུ་གཙིགས་ཆེར་བརྩིས་ནས།དགེ་ཚུལ་སློང་གི་སྡོམ་པ་ཧ་ཅང་མང་པོ་འབོག་འཇོག་མཛད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།