༧གོང་ས་མཆོག་ནས་ལཏ་ཝི་ཡའི་ནང་སྒོམ་རིམ་བར་པ་དང་ལམ་རིམ་བསྡུས་དོན་གྱི་གསུང་ཆོས་དབུ་འཛུགས།


2017.09.23
༧གོང་ས་མཆོག་ནས་ལཏ་ཝི་ཡའི་ནང་སྒོམ་རིམ་བར་པ་དང་ལམ་རིམ་བསྡུས་དོན་གྱི་གསུང་ཆོས་དབུ་འཛུགས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཡོ་རོབ་སྦལ་ཊིཀ་མངའ་ཁུལ་གྱི་ཡུལ་གྲུ་ལཏ་ཝི་ཡའི་ནང་ཆོས་འབྲེལ་གསུང་ཆོས་དབུ་འཛུགས་གནང་ཡོད་པ།
བསྟན་འཛིན་ཀུན་དགའ།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ཟླ་ ༩ ཚེས་ ༢༣ ཉིན་ཡོ་རོབ་སྦལ་ཊིཀ་མངའ་ཁུལ་གྱི་ཡུལ་གྲུ་ལཏ་ཝི་ཡའི་ནང་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་དབུ་འཛུགས་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལཏ་ཝི་ཡའི་ནང་ར་ཤེ་ཡ་དང་ལཏ་ཝི་ཡ་སོ་སོའི་ནང་གི་བོད་སྐྱོབ་ཚོགས་པ་ཞེས་པ་དེ་གཉིས་ནས་གདན་ཞུ་དང་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།
ཚོགས་པ་དེ་གཉིས་ཀྱི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལཏ་ཝི་ཡའི་ནང་གསུང་ཆོས་སྩལ་གནང་ཐེངས་གསུམ་པ་དེ་ཡིན་པ་དང་། ཕྱི་ཚེས་ ༢༣ དང་ ༢༤ ཉིན་གྲངས་གཉིས་རིང་སྩོལ་རྒྱུའི་གསུང་ཆོས་འདིའི་ཐོག་ལཏ་ཝི་ཡ་དང་ཨེསི་ཏོ་ནི་ཡ། ལུཐ་ཝེ་ནི་ཡ། ར་ཤེ་ཡ། སོག་ཡུལ། ཤར་ཡོ་རོབ་དང་དེ་མིན་གྱི་ཡོ་རོབ་ཀྱི་ས་ཁུལ་གཞན་བཅས་ནས་ཁྱོན་བསྡོམས་མི་གྲངས་གསུམ་སྟོང་དགུ་བརྒྱ་ཙམ་བཅར་ཡོད་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་ལུགས་འདྲ་མིན་ཕན་ཚུན་དབར་གུས་བརྩི་དགོས་པ་བཀའ་གནང་འདུག་ལ། དམིགས་བསལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་ཆོས་རྒྱལ་རྣམ་པས་རྒྱ་གར་ནས་དཔལ་ན་ལེན་ཌའི་མཁས་དབང་སློབ་དཔོན་ཁག་བོད་དུ་གདན་དྲངས་ཏེ། ནང་ཆོས་རིག་གཞུང་གི་རྩ་བ་བཙུགས་པ་གནང་སྟེ། རིམ་པས་བོད་ཀྱི་མེས་པོ་རྣམ་པས་ལེགས་སྦྱར་གྱི་སྐད་ནང་ཞུགས་པའི་མདོ་དང་བསྟན་བཅོས་མང་དག་ཅིག་བོད་བསྒྱུར་ཐོག།  སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་དཔལ་གསུམ་གནང་པའི་སྐུ་དྲིན་གྱིས་དེང་སང་འཛམ་གླིང་འདིའི་ཐོག་བོད་ཀྱི་ནང་ཆོས་རིག་གཞུང་ངོམས་སུ་ཆོག་པ་ཡོད་པ་དེ་བྱུང་བའི་སྐོར་གསལ་བཤད་གནང་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།  ཡུལ་ལུང་འདྲ་མིན་ནས་བཅར་བའི་དད་ལྡན་པ་རྣམས་ལ། སངས་རྒྱས་ཀྱི་ཆོས་དེ་ལྷ་ཁང་དང་སྐུ་འདྲ་འཛིགས་པོའི་བཞེངས་ནས་རྒྱུན་གནས་ཐུབ་རྒྱུ་ཞིག་མིན་པར། གཙོ་བོ་བཀའ་དང་བསྟན་བཅོས་དེ་དག་ཡུལ་ལུང་སོ་སོའི་སྐད་ཡིག་ལ་བསྒྱུར་ཐབས་ཐོག། དེ་དག་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་པའི་སྒོ་ནས་བདག་གཅེས་བྱེད་དགོས་པའི་བཀའ་སློབ་ཕེབས་འདུག
ཁ་སང་ཕྱི་ཚེས་ ༢༢ ཉིན་ལཏ་ཝི་ཡའི་རྒྱལ་ས་རི་གྷའི་བཞུགས་གནས་མགྲོན་ཁང་དུ་ཞབས་སོར་འཁོད་སྐབས། བརྙན་འཕྲིན་གྱི་གསར་འགོད་པ་ཞིག་གིས་འཛམ་གླིང་ནང་དཀའ་རྙོག་མང་དག་ཞིག་ཡོད་པ་ང་ཚོས་ག་རེ་མ་འགྲིག་པ་བྱེད་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དཀའ་རྙོག་ཁག་དྲག་པོའི་ཐབས་ལམ་གྱི་ཐོག་ནས་སེལ་ཐུབ་རྒྱུར་ཡིད་ཆེས་བྱེད་མཁན་ཡོད་པ་དང་།  ང་ཚོ་དང་ཁྱོད་ཚོ་ཞེས་པའི་དབྱེ་འབྱེད་ཀྱི་བསམ་བློ་རྙིང་པ་ད་དུང་ཡང་ཡོད་པའི་རྐྱེན་གྱིས་ཡིན་པ་བཀའ་ལན་བསྩལ་འདུག།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎