༧གོང་ས་མཆོག་ནས་དབྱིན་ཇིའི་རྒྱལ་མོ་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་བ།

དེ་རིང་ཕྱི་ཟླ་ ༩ པའི་ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དབྱིན་ཇིའི་རྒྱལ་མོ་ཨི་ལེ་ཛེ་སྦེཏ་Elizabethགཉིས་པ་མཆོག་དགུང་གྲངས་༩༦སྟེང་གློ་བུར་དགོངས་པ་རྫོགས་པར། རྒྱལ་མོ་མཆོག་གི་སྲས་ཆཱར་ལི་སེ་མཆོག་གི་མཚན་ཐོག་ལ་དབྱིན་ཡུལ་གྱི་རྒྱལ་བཙུན་འཁོར་དང་དབྱིན་ཡུལ་མི་མང་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་ཡོད་པ་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་མཆོག་ནས་དེ་རིང་སྔ་དྲོ་རྒྱལ་མོ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་ཕམ་ཆེན་པོས་ཐུགས་སྨོན་དང་མཉམ་དུ་གསུང་འཕྲིན་སྩལ་གནང་ཡོད་པ་བརྗོད་སོང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། ངོས་རང་ལོ་ན་ཆུང་དུས་བོད་ནང་ཡོད་སྐབས་རྒྱལ་མོ་མཆོག་གི་ཁྲི་སྟོན་མཛད་སྒོའི་སྐུ་པར་མཇལ་མྱོང་བ་དང་། ཁོང་མོས་དབྱིན་ཡུལ་གྱི་རྒྱལ་མོའི་ཁྲི་འཛིན་དུས་ཡུན་རིང་ཤོས་གནང་བ་དེས་མི་མང་པོར་རྟེན་འབྲེལ་དང་། སེམས་འགུལ་ཐེབས་བཅུག་པ་དང་། བློ་སྤོབས་ཀྱི་འདུ་ཤེས་སྩལ་གནང་ཡོད་པ་དང་། སྐུ་ཉིད་ཀྱི་མ་ཡུམ་ཀྱིས་ཆེ་མཐོང་དང་། གཟི་བརྗིད། དེ་བཞིན་སེམས་པ་བཟང་བོས་ཞབས་འདེགས་དང་གཞན་ཕན་བསམ་བློ་ལྡན་པའི་ཐོག་ནས་སྐུ་ཚེ་དོན་དང་ལྡན་པའི་ངང་བཟང་མཐའ་འཁྱོལ་ཡོད་པ་གསུངས་འདུག་ལ། མཇུག་ཏུ་༸གོང་ས་མཆོག་ནས་རྒྱལ་མོ་མཆོག་དགོངས་པ་རྫོགས་པར་ཐུགས་སྨོན་གནང་ཡོད་པ་བཀོད་འདུག
༸གོང་ས་མཆོག་དེ་སྔ་ཕྱི་ལོ་༢༠༠༨ལོར་དབྱིན་ཡུལ་དུ་ཆིབས་བསྒྱུར་དང་འབྲེལ་དབྱིན་ཇིའི་རྒྱལ་སྲས་ལ་མཇལ་འཕྲད་དང་། སྐབས་དེར་རྒྱལ་སྲས་ཆཱ་ལི་སི་མཆོག་གིས་རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་༸གོང་ས་མཆོག་ཁོང་གི་བཞུགས་གནས་སུ་གདན་འདྲེན་ཞུས་ཏེ། ཆོས་ལུགས་མཐུན་འབྲེལ་གྱི་ཚོགས་འདུར་མཉམ་ཞུགས་སོགས་གནང་ཡོད་པ་དང་། གཞན་ཡང་ཕྱི་ལོ་༢༠༡༢ལོར་བསྐྱར་དུ་༸གོང་ས་མཆོག་དབྱིན་ཡུལ་ལ་ཕེབས་སྐབས་དང་འབྲེལ། རྒྱལ་སྲས་མཆོག་དང་མཇལ་འཕྲད་དང་། སྐབས་དེར་༧གོང་ས་མཆོག་ནས་རྒྱལ་སྲས་མཆོག་ནི་ངོས་ཀྱི་གྲོགས་པོ་ཡག་ཤོས་ཤིག་ཡིན་པ་སོགས་གསུངས་ཡོད་འདུག
ཐེངས་འདིར་རྒྱལ་མོ་མཆོག་དགོངས་པ་རྫོགས་པར་འཛམ་གླིང་གི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ཐུགས་གསོའི་གསུང་འཕྲིན་སྩལ་བཞིན་ཡོད་པ་དང་། དབྱིན་ཇིའི་གསར་འདེམས་སྲིད་བློན་ལིཛ་ཏ་རུས་LizTrussལགས་ནས་རྒྱལ་མོ་མཆོག་དགོངས་པ་རྫོགས་པ་དེས་དབྱིན་ཡུལ་གཙོས་དང་འཛམ་གླིང་མི་མང་ལ་བློ་ཕམ་ཆེན་པོའི་གནས་ཚུལ་ཞིག་ཡིན་པ་བརྗོད་འདུག རྒྱལ་མོ་ཨི་ལེ་ཛེ་སྦེཏ་གཉིས་པ་མཆོག་ནི་ཕྱི་ལོ་༡༩༢༦ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་༡༩༥༢ནས་༢༠༢༢ལོའི་བར་དུ་དབྱིན་ཇིའི་རྒྱལ་མོའི་ཁྲི་འཛིན་གནང་ཡོད་པ་དང་། ཁོང་མོས་དབྱིན་ཡུལ་གྱི་རྒྱལ་སྲིད་སྐྱོང་སྐབས་འཛམ་གླིང་དམག་ཆེན་འབྱུང་རྒྱུའི་ཉེན་ཁ་གྲང་དམག་Cold Warའགོ་བཙུགས་པའི་སྐབས་ཡིན་པ་དང། ཁོང་མོས་དབྱིན་ཡུལ་གྱི་རྒྱལ་སྲིད་ལོ་ངོ་༧༣རིང་བསྐྱངས་ཤིང་། དབྱིན་ཡུལ་ཙམ་མིན་པར་ཨོ་སི་ཏི་ལི་ཡ་Australiaདང་ཁེ་ཎ་ཌ།Canadaཇ་མེ་ཁJamaicaསོགས་རྒྱལ་ཁབ་བཅུ་བཞིའི་དབུ་འཁྲིད་ཀྱང་ཡིན་པ་རེད་འདུག
དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་སོ་སོར་རྒྱལ་མོ་མཆོག་དགོངས་པ་རྫོགས་པར་ཐུགས་གསོ་ཞུས་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།