རྒྱ་གར་གྱི་གནད་ཡོད་མི་སྣ་དང་བོད་མི་བརྒྱ་ཕྲག་གིས་ཕེབས་བསུ་ཞུས་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་༧ཞབས་སོར་བདེ་བར་འཁོད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡ ཚེས་ ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་ཅིང་། སྐབས་དེར་རྒྱ་གར་གྱི་གནད་ཡོད་མི་སྣ་དང་ས་གནས་བོད་མི་མང་ཚོགས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུས་གནང་སོང་།
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༣ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་ཀྱི་ནང་ཆིབས་སྒྱུར་བསྐྱང་སླད་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཞལ་བསྒྱུར་གནང་སྟེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་མཁའ་ལམ་བརྒྱུད་ཕྱི་ཟླ་ ༡ ཚེས་ ༤ ཉིན་གྱི་ཕྱི་དྲོ་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སྦེང་ལོར་ནང་རྒྱ་གར་གཞུང་གི་བདེ་སྲུང་ལས་ཁུངས་ཀྱི་གནམ་ཐང་དུ་༧ཞབས་སོར་བདེ་བར་འཁོད་གནང་མཛད་པར། གནམ་ཐང་དེའི་འབྲེལ་ཡོད་ལས་སྣེ་དང་རྒྱ་གར་གཞུང་གི་ཀར་ན་ཊ་ཀ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་ཟུར་པ་སོགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་པ་ཆེན་པོས་ཕེབས་བསུར་བཅར་ཡོད་པ་འཚམས་ཞུ་དང་ཕེབས་སྒྲིག་སླད་བཅར་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གནམ་ཐང་ནས་སྦེང་ལོར་གྱི་བཞུགས་གནས་གསོལ་མགྲོན་ཁང་ཧིལ་ཊན་ (Hilton Embassy) ཞབས་སོར་འཁོད་གནང་མཛད་སྐབས། སྦེང་ལོར་ལྷོ་ཕྱོགས་གཞིས་སྤྱི་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མིའི་ཤེས་ཡོན་སྡེ་ཁག་གི་ལས་སྣེ་སློབ་ཕྲུག་དང་དེ་བཞིན་བོད་མི་ཚོང་པའི་སྡེ་ཁག་བཅས་ཁྱོན་བོད་མི་དྲུག་བརྒྱ་བརྒལ་བ་དང་རྒྱ་གར་གྱི་གཞུང་ཞབས་ཟུར་པ་ཁག་ཅིག་བཅས་ནས་༧མགོན་པོ་གང་ཉིད་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུས་གནང་སོང་།
ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་མུ་མཐུད་གསུང་ན། ད་རེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་ཀྱི་ནང་ཆིབས་སྒྱུར་གནང་རྒྱུ་དེ་ནི་སྐུ་གཟུགས་འཕྲོད་བཞེས་ཡག་པོ་ཡོང་ཆེད་ཆིབས་སྒྱུར་གནང་གི་ཡོད་དུས་མཛད་འཆར་དམིགས་བསལ་མེད་ཅེས་དང་། ད་ཐེངས་གདན་ས་བཀྲིས་ལྷུན་པོར་སྐུ་ལྷོད་བཞུགས་མཛད་ཀྱི་ཡོད་པས། སྟོན་འཁོར་ལྷན་རྒྱས་ཀྱི་བཞུགས་གནས་ལེགས་པར་གྲ་སྒྲིག་ཞུས་ཡོད་པ་གསུངས་བྱུང་།
ད་རེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་སྒྱུར་མཛད་པ་འདི་ནི་ཕྱི་ལོ་གསར་པའི་བཞུགས་སྒར་རྡ་རམ་ས་ལའི་ཕྱི་ཕྱོགས་སུ་མཛད་འཕྲིན་བསྐྱངས་པ་ཐོག་མར་གྱུར་པ་དང་། ༢༠༢༤ ཟླ་ ༦ ནས་ཟླ་ ༨ པའི་བར་ཨ་རིའི་ནིའུ་ཡོག་ཏུ་༧སྐུའི་ཞབས་པུས་གཤགས་བཅོས་ཀྱི་འཕྲོད་བཞེས་ལེགས་གྲུབ་བྱུང་སྟེ་བཞུགས་སྒར་དུ་ཕྱིར་༧ཞབས་སོར་འཁོད་རྗེས་བཞུགས་སྒར་ཕྱི་ཕྱོགས་སུ་ཆིབས་སྒྱུར་མཛད་པ་ཐོག་མར་དེ་ཡང་གྱུར་ཡོད་པ་རེད།།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།