༧གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་དང་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་གཉིས་གསར་འདེམས་བྱུང་བར་འཚམས་འཕྲིན་སྩལ་ཡོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནས་སྤྱི་ཟླ་ ༧ པའི་ཚེས་ ༢༢ ཉིན། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོའམ་གཙོ་འཛིན་ལྕམ་ Roberta Metsola དང་། ཡོ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་གཙོ་འཛིན་ Ursula von der Leyen རྣམ་པ་གཉིས་སོ་སོར་འཚམས་འདྲིའི་བཀའ་ཡིག་སྩལ་གནང་མཛད་དེ། ཁོང་རྣམ་པ་གཉིས་བསྐྱར་དུ་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ལས་གནས་སོ་སོར་འདེམས་བསྐོ་བྱུང་བར་ཐུགས་སྨོན་འཚམས་སྦྱོར་མཛད་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་སྤྱི་མཐུན་ཚོགས་པའི་དབུ་ཁྲིད་གཉིས་ལ་སྩལ་བའི་བཀའ་ཡིག་དེ་དག་སོ་སོའི་ནང་། ཡོ་རོབ་མཐུན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁྲོད་ལོ་ངོ་ ༦༠ ཙམ་གྱི་རིང་ཡོ་རོབ་ཀྱི་རྒྱལ་ཁབ་ནང་ཕན་ཚུན་དང་ཡོ་རོབ་མངའ་ཁོངས་སུ་ཞི་བདེ་སྲུང་སྐྱོང་ཐུབ་པའི་མནའ་མཐུན་གྱི་སྙིང་སྟོབས་དེར་ཡི་རང་ཆེན་པོ་གནང་གི་ཡོད་པ་དང་། དམག་ཆེན་གཉིས་པའི་རྗེས་སུ་འགྲིག་འཇགས་དང་མཉམ་ལས་ཀྱི་འདུ་ཤེས་འཛིན་ཏེ། རྒྱལ་ཁབ་བྱེ་བྲག་པ་སོ་སོའི་ཁེ་ཕན་ཁོ་ནར་གཙོ་བཟུང་མ་བྱས་པར་ཐུན་མོང་གི་ཁེ་ཕན་གལ་ཆེར་འཛིན་པར་ལམ་ལྷོངས་བྱུང་ཡོད་ཅེས་དང་། འདིས་འཛམ་གླིང་ནང་ཕན་ཚུན་ལྟོས་གྲུབ་ཀྱི་རྣམ་པ་ཇེ་ཆེར་འགྲོ་བའི་སྐབས་འདིར་ཤེས་ཚོར་དང་ཉམས་མྱོང་གི་ཕྱུག་པའི་འཛམ་གླིང་ཞིག་སྐྲུན་པར་ཕན་རླབས་བྱུང་ཡོད་ཅེས་བཀའ་གནང་འདུག
མཐའ་དོན་༧མགོན་པོ་གང་ཉིད་ཀྱི་ཐུགས་རེ་ལ་འབྱུང་འགྱུར་ཁོང་རྣམ་པ་གཉིས་ཀྱི་བྱ་བཞག་ལམ་ལྷོང་དང་།ཡོ་རོབ་མཐུན་ཚོགས་དེ་བཞིན་གཞན་གྱི་མིག་ལྟོས་བཟང་པོ་ཞིག་མུ་མཐུད་ཡོང་བའི་ཐུགས་སྨོན་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།