༸གོང་ས་མཆོག་ལྷོ་ཕྱོགས་བོད་མིའི་གཞིས་སྒར་དུ་ཆིབས་བསྒྱུར།
2009.02.17
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་གྱི་ས་ཁུལ་དུ་གསར་དུ་བསྐྲུན་པའི་བོད་ཁྱིམ་མཐོ་སློབ་དབུ་འབྱེད་གནང་བ་སོགས་ཀྱི་མཛད་འཆར་ལེགས་གྲུབ་རྗེས་དེ་རིང་གཟའ་མིག་དམར་ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཞིས་ཆགས་འདིའི་ནང་ཉིན་གྲངས་གཉིས་རིང་བཞུགས་ཞག་མཛད་རྒྱུ་ཡིན་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དོན་ལྡན་གླིང་གཞིས་ཆགས་སུ་ཞབས་སོར་འཁོད་སྐབས་བོད་པའི་ས་གནས་གྲོས་ཚོགས་ཀྱི་ཚོགས་མི་སོགས་སེར་སྐྱ་དཔོན་རིགས་དང་འབྲེལ་ཡོད་རྒྱ་གར་གྱི་དཔོན་རིགས་རྣམས་ཕེབས་བསུར་བཅར་ཡོད་ཅིང་བོད་རིགས་སློབ་ཕྲུག་ཚོས་བཀྲིས་ཞོལ་པའི་འཁྲབ་སྟོན་ཞུས་པ་སོགས་དགའ་བསུའི་རྟེན་འབྲེལ་ཞུས་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་དུ་ཞབས་སོར་འཁོད་གནང་མཛད་རྗེས་རྒྱ་གར་གྱི་དཔོན་རིགས་རྣམས་ལ་ད་བར་རྒྱ་གར་གཞུང་གིས་བོད་མི་ཚོར་རོགས་མགོན་ཚད་མེད་གནང་པར་བཀྲིན་ཆེ་ཞུ་གནང་མཛད་ཡོད་པ་རེད།
ཀོ་ལི་གལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་འདི་བཞིན་ཕྱི་ལོ་༡༩༧༤ལོར་རྒྱ་གར་གྱི་མངའ་སྡེ་ཀར་ན་ཊ་ཀའི་གཞུང་གིས་རོགས་མགོན་འོག་བཙུགས་པ་ཞིག་ཡིན་པ་དང་བཙན་བྱོལ་བོད་གཞུང་གི་མི་འབོར་གྲངས་བཤེར་སྡོམས་འབོར་ལ་གཞིགས་ཚེ་གཞིས་ཆགས་འདིའི་ནང་བོད་མི་གྲངས་ལྔ་སྟོང་ཉིས་བརྒྱ་བཞི་ཅུ་ཞེ་བདུན་ཙམ་ཡོད་འདུག་ཅིང་བོད་མི་དེ་དག་གྲོང་སྡེ་ཁག་ཉི་ཤུ་རྩ་གཉིས་ཀྱི་ནང་ཆ་བགོས་ཀྱི་གནས་བཞིན་ཡོད་པ་རེད།