༧གོང་ས་མཆོག་ཟངས་དཀར་ཁུལ་དུ་ཞབས་སོར་འཁོད་གནང་མཛད་ཡོད་པ།
2018.07.21

༄༅། །༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ཟངས་དཀར་ཁུལ་དུ་ཞབས་སོར་བདེ་བར་འཁོད་ནས་ས་གནས་དད་ལྡན་མི་དམངས་ལ་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།
དེ་ཡང་ཟླ ༧ ཚེས ༢༡ ཉིན༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆ་མཆོག་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་ཐད་འཕུར་གནམ་གྲུ་བརྒྱུད་ཟངས་དཀར་པ་ལྡུམ་ཐད་འཕུར་གནམ་གྲུ་འབབ་ཚུགས་སུ་ཞབས་སོར་བདེ་བར་འཁོད་སྐབས། ས་གནས་གྲོས་ཚོགས་འཐུས་མི་དང་སྐྱིད་སྡུག་ཚོགས་པ་ཁག་གི་མཛད་གཙོ། བོད་དང་ཁ་ཆེ་མི་དམངས་ཀྱིས་དཀར་གཙང་མཇལ་དར་དང་། མེ་ཏོག བདུག་སྤོས་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། དེ་ནས་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་འཁོད་མཚམས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་ཡུལ་གྱི་མི་འབོར་གྱི་གནས་སྟངས་སྐོར་འདྲི་རྩད་གནང་རྗེས། བཀའ་སློབ་ལམ་སྟོན་གནང་ཡོད་པ་དང་། དེ་ཡང༧སྤྱི་ནོར༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན་དུ། སང་ཉིན་སྔོན་ལ་ལམ་རིམ་བསྡུས་དོན་བྱ་རྒྱུ་ཡིན། དེ་ནས་ནངས་ཉིན་ཐུགས་རྗེ་ཆེན་པོའི་དབང་ཆེན་བྱས་རྗེས་བརྟན་བཞུགས་ཐོག་ནས་ཆོས་འབྲེལ་ཚར་བ་བྱ་རྒྱུ་ཡིན། ནམ་རྒྱུན་བཀའ་ཆོས་བྱེད་སྐབས་ཤེས་རབ་སྙིང་པོ་འདོན་བཞིན་ཡོད་པ་ལྟར་སང་ཉིན་ཤེས་རབ་སྙིང་པོ་འདོན་རྒྱུ་བྱས། ཁ་སང་ལྡུམ་རར་ཤེས་རབ་སྙིང་པོ་འདོན་སྐབས་འགྲོ་ལ་མི་འགྲོ་ལ་བྱས་བྱུང་། བྱིན་རླབས་ཆེན་པོ་བྱུང་། ཞེས་ཞལ་ཤོབ་དང་བཅས་བཀའ་སློབ་བསྩལ་གནང་ཡོད་པ་རེད།
༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐེངས་འདིར་ཟངས་དཀར་དུ་ཉིན་གསུམ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས། ཚེས ༢༧ ཉིན་སླར་ཡང་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་རེད།།
གསར་འགོད་པ་སྟག་ལྷ་རྒྱལ།