༧གོང་ས་མཆོག་གིས་ཨ་རིའི་ནང་གི་མཛད་འཕྲིན་ཁག་ལེགས་འགྲུབ།


2015.07.11
༧གོང་ས་མཆོག་ནས་ཨ་རི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་གནང་ཡོད་པ། ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པེ་ལོ་སི་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཨ་མི་རི་ཀའི་སྲིད་འཛིན་བྷ་རཀ་ཨོ་བྷཱ་མ་མཆོག་གི་ཆེད་གཏོང་སྐུ་ཚབ་ལྕམ་ Valerie Jarret།
ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་པ་དེ་ནི་དོན་དུ་བྱམས་པ་དང་བརྩེ་བ་གཞི་ལ་བཞག་པའི་ཕན་ཐོགས་ཡོད་པའི་རིག་གཞུང་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་གནང་པ་ཞིག་ཡིན་པ་ཁ་སང་ཕྱི་ཚེས་ ༡༠ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་བྱང་ཨ་མི་རི་ཀའི་བོད་རིགས་མཐུན་ཚོགས་ཡོངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་དང་བཀྲིན་རྗེས་དྲན་ཞུ་བའི་མཛད་སྒོའི་ཐོག་ཆེད་བཅར་ཞུས་པའི་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པེ་ལོ་སི་དང་། ཨ་མི་རི་ཀའི་སྲིད་འཛིན་བྷ་རཀ་ཨོ་བྷཱ་མ་མཆོག་གི་ཆེད་གཏོང་སྐུ་ཚབ་ལྕམ་ Valerie Jarret དེ་བཞིན་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཆརཌ་གྷིཡར་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་ཁག་ལ་དམིགས་ཏེ་བཀའ་གནང་ཡོད་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྡིང་ཆའི་སྟེང་ཡོད་པའི་བོད་དོན་ཐད་ཐུགས་འཁུར་ཤ་ཚ་ཆེན་པོ་གནང་མཁན་དེ་དག་ནི་གློ་བུར་དང་དུས་ཚོད་ངེས་ཅན་ཞིག་གི་རིང་རྒྱབ་སྐྱོར་གནང་པ་ཞིག་མིན་པར། དུས་དང་རྣམ་པ་ཀུན་ཏུ་འགྱུར་མེད་ཀྱི་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞེས་བཀའ་གནང་ཡོད་པ་རེད།  ལྕམ་ནེན་སི་པེ་ལོ་སི་དང་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷཱ་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་གྱི་དགའ་སྟོན་ལ་འཚམས་འདྲི་ཞུ་རྒྱུར་ཆེད་གཏོང་གནང་པ་ལྕམ་ Valerie Jarret རྣམ་པ་གཉིས་ཀས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་བྱམས་བརྩེ་ཉམས་བཞེས་གནང་སྟེ་གཞན་གྱི་བརྒྱུད་ལ་བྱམས་བརྩེ་སྤེལ་གནང་མཁན་གྱི་ཞི་བདེའི་དེད་དཔོན་ཞིག་ཡིན་པ་སོགས་ཆེས་བསྟོད་ཆེན་པོ་ཞུས་གནང་ཡོད་ལ། ལྷག་པར་དུ་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་དང་དེ་སྔོན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྩམ་ནེན་སི་པེ་ལོ་སི་མཆོག་གིས།  བོད་དོན་ཐད་མུ་འཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་པ་དང་སྦྲགས། དཔལ་འབྱོར་དང་ཆབ་སྲིད་ཀྱི་མཁེ་ཕན་ལ་དམིགས་ཏེ་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ལ་རྒྱབ་སྐྱོར་བྱ་རྒྱུ་བློས་གཏོང་བྱེད་ཚེ། དྲང་ཚུབ་འཕེལ་བའི་བློ་དང་ལྡན་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་གཞན་གང་གི་ཐོག་ལ་ཡང་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་ཐུབ་ཐབས་བྲལ་བ་ཞིག་ཡིན་པ་གསུངས་ཡོད་པ་རེད།  ལྕམ་ནེན་སི་པེ་ལོ་སི་དང་ལྕམ་ Valerie Jarret གློག་བརྙན་འཁྲབ་སྟོན་པ་རི་ཆརཌ་གྷིཡར་བཅས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་དང་ཉི་ཤུ་བར་བཞུགས་རྒྱུའི་གསོལ་འདེབས་ཀྱང་ཞུས་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཕྱི་ཚེས་ ༣ ཉིན་ཞབས་སོར་འཁོད་པ་ནས་བཟུང་ཁ་སང་ཕྱི་ཚེས་ ༡༠ བར་ཏེ་ཉིན་གྲངས་བརྒྱད་ཀྱི་བཞུགས་བཞག་དེའི་རིང་ཨ་རིའི་སྲིད་འཛིན་ཟུར་པ་ཇོརཇ་བུཤ་མཆོག་དང་། སྒྱུ་སྩལ་བ་དང་ཚན་རིག་པ་གྲགས་ཅན། སྲིད་དོན་མི་སྣ་དང་ཚོང་པ། སློབ་ཕྲུག་དང་མང་ཚོགས་སྟོང་ཕྲག་མང་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་༧སྐུའི་འཁྲུངས་སྐར་ལ་དགའ་བསུ་ཆེན་པོ་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་དགུང་གྲངས་བརྒྱད་བཅུ་བར་ཕེབས་པ་དེའི་རིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཐུགས་དམ་གྱི་མཐིལ་དུ་མཛད་པ་དེས་རང་གཞན་གཉིས་ཀའི་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུར་མེད་ཐབས་མེད་པ་ཞིག་ཡིན་པ་ཐུགས་ཉམས་ཆོད་པོ་བྱུང་བ་ལྟར། གཞན་ཚོས་ཀྱང་རང་གི་མི་ཚེའི་བྱམས་པ་དང་བརྩེ་བའི་ཉམས་ལེན་གང་ཐུབ་བྱ་དགོས་པ་བཀའ་གནང་ཡོད་པ་རེད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་སང་ཨ་རིིའི་གྲོང་ཁྱེར་ནིའུ་ཡོག་ཏུ་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་སྒོ་ནས་ཚེ་དབང་བསྩལ་སྐབས་ཀྱི་བཀའ་སློབ་ཟུར་བཏོན་ཞུས་པ་ཞིག་གཤམ་ལ་གསན་རོགས༎

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

 

བྱང་ཨ་རིའི་བོད་མིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་ལེགས་གྲུབ་མཇུག་སྒྲིལ་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས་ཞུ༎

གསར་འགོད་པ་བསྟན་འཛིན་བདེ་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎