༸གོང་ས་མཆོག་གིས་རྒྱ་གར་གྱི་བདམས་ཐོན་སྲིད་འཛིན་གཞོན་པར་འཚམས་འཕྲིན་སྩལ་བ།

2022.08.08
༸གོང་ས་མཆོག་གིས་རྒྱ་གར་གྱི་བདམས་ཐོན་སྲིད་འཛིན་གཞོན་པར་འཚམས་འཕྲིན་སྩལ་བ། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག
OHHDL

ཕྱི་ལོ་ ༢༠༢༢ ལོའི་ཟླ་བ་༨ པའི་ཚེས་ ༧ ཉིན་རྒྱ་གར་West Bengalམངའ་སྡེའི་སྲིད་སྐྱོང་ཟུར་པ་སྐུ་ཞབས་Jagdeep Dhankharལགས་རྒྱ་གར་གྱི་སྲིད་འཛིན་གཞོན་པར་འོས་འདེམས་བྱུང་བར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ཚེས་ ༨ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་སྐུ་ཞབས་ཁོང་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་འདུག་པ་དེའི་ནང་། ལོ་མང་རིང་རྒྱ་གར་གྱིས་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་དེ། དམིགས་བསལ་ཚན་རིག་དང་དེང་གི་འཕྲུལ་རིག་བཅས་ཀྱི་ཐོག་ཡར་རྒྱས་འགྲོ་མུས་ཡིན། ངོས་ཀྱི་ཧ་ལམ་མི་ཚེ་མང་ཆེ་བར་ཡུལ་འདིར་འཚོ་བ་རོལ་ནས་བསྡད་ཡོད་ལ། ངོས་རང་ཉིད་ནི་རྒྱ་གར་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་གར་རང་བཙན་ཐོབ་ནས་མི་ལོ་༧༥འཁོར་བའི་དུས་དྲན་ཁྱད་པར་ཅན་དེའི་སྐབས། ཁྱེད་ཉིད་ནས་སྲིད་འཛིན་གཞོན་པའི་ལས་ཁུར་ཞུ་རྒྱུ་ཡིན་པ་དེ་ནི་ཧ་ཅང་གི་རྟེན་འབྲེལ་བཟང་པོ་རེད་ཅེས་གསུངས་འདུག

ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ནི་འཚེ་བ་མེད་པ་དང་། བྱམས་སྙིང་རྗེ་བཅས་ཀྱི་འབྱུང་ཁུངས་ལྟ་བུའི་ས་གཞི་ཞིག་ཡིན་མ་ཟད། དེ་དག་གི་སྤྱོད་བཟང་ལྡན་པའི་འགྲོ་བ་མིའི་སྤྱི་ཚོགས་ཤིག་བསྐྲུན་པར་ཞབས་འདེགས་སྒྲུབ་ཐུབ་ངེས་ཡིན། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་འཛམ་གླིང་ཀུན་ལ་ཁྱབ་ཐུབ་པ་བྱུང་ཡོད་པ་མ་ཟད། ད་དུང་སྐུ་ཞབས་Martin Luther King དང་Nelson Mandela རྣམ་གཉིས་ནས་སྤྱི་ཚོགས་ཀྱི་དཀའ་ངལ་ཁག་ལ་གདོང་ལེན་ཆེད་འཚེ་བ་མེད་པའི་ལམ་བུར་བསྐྱོད་ཡོད། ངོས་རང་ཉིད་ལྟ་བུ་མཚོན་ན། ས་ཕྱོགས་གང་དུ་ཕྱིན་པ་ཡིན་ནའང་། འཚེ་བ་མེད་པའི་ལྟ་གྲུབ་བརྟན་པོ་འཛིན་པའི་སྒོ་ནས། རྒྱ་གར་གཅེན་གཅུང་ཁྲོད་བྱམས་པ་དང་བརྩེ་བའི་ནུས་སྟོབས་གང་ཐུབ་སྤེལ་ཐབས་བྱེད་ཀྱི་ཡོད་ཅེས་བཀའ་སྩལ་འདུག

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད་གསུངས་དོན། དེང་གི་ཤེས་ཡོན་ལམ་ལུགས་ནང་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་དེང་གི་ཤེས་ཡོན་གཉིས་ཟུང་འབྲེལ་གྱི་སློབ་ཁྲིད་གནང་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེན་ཞིང་། ལྷག་ཏུ་འདི་ལྟར་ཡོང་བར་རྒྱ་གར་ལ་དམིགས་བསལ་ཁྱད་ཆོས་དང་ནུས་པ་ཡོད་ལ། རྒྱ་གར་གྱི་མངའ་སྡེ་འགའ་ཞིག་ནང་སེམས་འཚོ་དང་སྤྱོད་བཟང་སོགས་དང་འབྲེལ་སློབ་གཞི་སློབ་ཁྲིད་ལག་བསྟར་ཟིན་ཡོད་པས། རིམ་པས་རྒྱ་གར་རྒྱལ་ཡོངས་ནང་དེ་ལྟར་ལག་བསྟར་ཡོང་བའི་རེ་བ་ཡོད་ཅེས་བཀའ་གནང་འདུག

གཞན་ཡང་གོང་ཞུས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྩལ་བའི་གསུང་འཕྲིན་འདིའི་ནང་། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ནས་འབྱུང་འགྱུར་འཛམ་གླིང་དེ་བཞིན་ཞི་བདེ་དང་སྤྱོད་བཟང་ལྡན་པའི་གོ་ལ་ཞིག་བསྐྲུན་པར་རྒྱ་གར་གྱིས་ཞབས་འདེགས་ཆེན་པོ་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད། དེར་བརྟེན། སྐུ་ཉིད་ནས་ད་བར་སྤྱི་ཚོགས་ནང་ཞབས་འདེགས་བསྒྲུབ་པའི་ཉམས་མྱོང་གཞིར་བཞག་གིས། མ་འོངས་པར་རྒྱ་གར་རྒྱལ་ཁབ་ལ་ལེགས་སྐྱེས་དང་ལས་དོན་རྣམས་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་སྨོན་ཚིག་དང་བཅས་འཚམས་འདྲི་བསྩལ་འདུག

སྐུ་ཞབས་Jagdeep Dhankhar ལགས་ནི་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཐེངས་༡༤ པ་དེ་ཆགས་ཀྱི་ཡོད་པ་དང་། དེ་སྔོན་ཕྱི་ལོ་༢༠༡༩ ལོར་རྒྱ་གར་རྒྱལ་ཡོངས་བོད་དོན་ལྷན་ཚོགས་བཙུགས་ནས་ལོ་ངོ་༦༠་འཁོར་བའི་དུས་དྲན་སྲུང་བརྩི་སྐབས། ཁོང་West Bengal མངའ་སྡེའི་སྲིད་སྐྱོང་གི་ངོ་བོ་ཐོག་དུས་དྲན་གྱི་སྐུ་མགྲོན་གཙོ་བོར་ཕེབས་ཏེ། གཏམ་བཤད་གནང་བའི་ནང་། བོད་དོན་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་ཤིག་ཡིན་པས། མཐའ་མ་དེ་བདེན་པར་རྒྱལ་ཁ་ཐོབ་ངེས་ཡིན་པ་གསུངས་ཤིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་སྟེང་གི་རླབས་ཆེན་གྱི་དབུ་ཁྲིད་ཤིག་ཡིན་པ་མ་ཟད། ཁོང་གིས་རྟག་ཏུ་གུས་བརྩི་ཞུས་ཡུལ་གྱི་མི་སྣ་ཞིག་ཡིན་པ་བརྗོད་འདུག

གཞན་ཡང་སྐུ་ཞབས་ཁོང་ནི་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་གྲོས་ཚོགས་འཐུས་མི། དེ་བཞིན་མངའ་སྡེའི་སྲིད་སྐྱོང་སོགས་ལས་སྣེ་འདྲ་མིན་ཐོག་ལ་ཐུགས་འགན་བཞེས་མྱོང་ཡོད་འདུག

གསར་འགོད་པ།  བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎