༧གོང་ས་མཆོག་གིས་དབྱིན་ཇིའི་རྒྱལ་པོ་Charlesམཆོག་ལ་འཚམས་འདྲི་མཛད་པ།
ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༩ ཉིན་དབྱིན་ཇིའི་རྒྱལ་མོ་ཨི་ལེ་ཛེ་སྦེཏ་Elizabethགཉིས་པ་མཆོག་དགུང་གྲངས་༩༦སྟེང་གློ་བུར་དགོངས་པ་རྫོགས་པར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་དབུ་ཁྲིད་མང་དག་ཅིག་ནས་ཐུགས་གསོའི་གསུང་འཕྲིན་སྩལ་གནང་མཛད་ཡོད་པ་རེད། ཕྱི་ཚེས་ ༡༠ ཉིན་དབྱིན་ཇིའི་རྒྱལ་སྲས་Charlesམཆོག་རྒྱལ་པོའི་མཛད་འགན་བཞེས་གནང་བར་༧གོང་ས་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་མཛད་འདུག
༧གོང་ས་མཆོག་གི་འཚམས་འདྲིའི་གསུང་འཕྲིན་ནང་། ངོས་ནས་སྐུ་ཉིད་དབྱིན་ཇིའི་རྒྱལ་སྲིད་ཁྲི་འཛིན་གནང་བར་བྱམས་བརྩེ་ལྡན་པའི་ངང་མི་གཞན་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་གལ་ཆེན་འདི་བསྒྲུབ་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་དང་།
ཡང་༧གོང་ས་མཆོག་ནས། ངོས་ནས་རྒྱལ་སྟོན་འཁོར་དང་བཅས་པ་གུས་བཀུར་འོས་པའི་གྲོགས་པོ་ཞིག་ཏུ་ངོས་འཛིན་བྱས་པ་ནས་བཟུང་། སྐུ་ཉིད་ནས་དབྱིན་ཇིའི་རྒྱལ་སྲིད་འཛིན་རྒྱུའི་ཁྱབ་བསྒྲགས་བྱས་པ་མཐོང་བས་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་ཞེས་གསུངས་འདུག
མཇུག་ཏུ་༧གོང་ས་༧མཆོག་ནས། ངོས་ནས་སྐུ་ཉིད་ནས་དབྱིན་ཡུལ་མི་མང་གི་རེ་བ་དང་། མདུན་དུ་ལྷག་པའི་ལས་དོན་མཐའ་དག་ལེགས་འགྲུབ་ཡོང་བ་དང་། འཛམ་གླིང་ཞི་བདེའི་ཆེད་ལེགས་སྐྱེས་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད་པ་གསུངས་འདུག
༸གོང་ས་མཆོག་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་དབྱིན་ཡུལ་དུ་ཆིབས་བསྒྱུར་དང་འབྲེལ་དབྱིན་ཇིའི་རྒྱལ་སྲས་ལ་མཇལ་འཕྲད་དང་། སྐབས་དེར་རྒྱལ་སྲས་Charlesམཆོག་གིས་རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་༸གོང་ས་མཆོག་ཁོང་གི་བཞུགས་གནས་སུ་གདན་འདྲེན་ཞུས་ཏེ། ཆོས་ལུགས་མཐུན་འབྲེལ་གྱི་ཚོགས་འདུར་མཉམ་ཞུགས་སོགས་གནང་ཡོད་པ་དང་། གཞན་ཡང་ཕྱི་ལོ་ ༢༠༡༢ ལོར་བསྐྱར་དུ་༸གོང་ས་མཆོག་དབྱིན་ཡུལ་ལ་ཕེབས་སྐབས་དང་འབྲེལ། རྒྱལ་སྲས་མཆོག་དང་མཇལ་འཕྲད་དང་། སྐབས་དེར་༧གོང་ས་མཆོག་ནས་རྒྱལ་སྲས་མཆོག་ནི་ངོས་ཀྱི་གྲོགས་པོ་ཡག་ཤོས་ཤིག་ཡིན་པ་སོགས་གསུངས་ཡོད་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།