གཙུག་ལག་སློབ་གྲྭའི་བསླབ་པ་མཐར་སོན་མཛད་སྒོ།
2017.06.17

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེཎ་ཌིཡེགྷོ་གཙུག་ལག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་གཙོ་བོའི་གསུང་བཤད་ནང་། འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་འབད་བརྩོན་བྱ་དགོས་པའི་ལམ་སྟོན་བཀའ་སློབ་གནང་འདུག ཐོག་མར་གཙུག་ལག་སློབ་གྲྭ་ཆེན་མོས་༧གོང་ས་མཆོག་ལ་གཟེངས་རྟགས་ཤིག་འབུལ་ལམ་ཞུས་འདུག སེཎ་ཌིཡེགྷོ་(UCSD San Diego)གཙུག་ལག་སློབ་གྲྭ་ཆེན་མོའི་རིགས་བདག་ པྲ་དིཔ་ ཀེ་ ཀོཤ་ལཱ(Pradeep K. Khosla)མཆོག་གིས་སྔར་ལོ་ཕྱི་ཟླ་ ༡༠ པའི་ནང་བཞུགས་སྒར་དྷ་རམ་ཤ་ལར་ཆེད་བཅར་གྱིས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་པ་ལྟར། ༧གོང་ས་མཆོག་གིས་༢༠༡༧ ལོའི་གཙུག་ལག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་པའི་སློབ་ཕྲུག་དྲུག་སྟོང་དང་འབྲེལ་ཡོད་བཅས་ལ་སྐུ་མགྲོན་གཙོ་བོའི་གསུང་བཤད་གནང་དོན་གཙོ་བོ་ནི། འགྲོ་བ་མིའི་རང་གཞན་གཉིས་ཀྱི་བདེ་དོན་སླད་ཤེས་ཡོན་དང་། བཟང་སྤྱོད། བྱམས་བརྩེའི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཞིང་། ཉིན་རེའི་བྱ་གཞག་ནང་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ཐོག་ནས་མཉམ་མཐུན་དང་མཉམ་ལས་ཀྱིས་འཛམ་གླིང་ཞེ་བདེ་བསྒྲུབ་དགོས་པར་བཀའ་གནང་འདུག རྒྱ་ནག་སྲིད་འཛིན་ཤི་ཅིན་ཧྥིང་དང་དམར་ཤོག་ཚོགས་པའི་འགོ་ཁྲིད་འོག་ལ་རྒྱ་ནག་ནང་དུ་དུས་རབས་དྲུག་ཅུ་པའི་ནང་རིག་གནས་གསར་བརྗེ་ལྟར་མ་ཡིན་པར། བྱམས་བརྩེ་གོང་འཕེལ་་གཏོང་བའི་རིག་གནས་གསར་བརྗེ་ཆེན་མོ་ཞིག་གོ་རྟོགས་ཁྱབ་བསྒྲགས་དང་ཤེས་ཡོན་སློབ་སྦྱོང་གི་ལམ་ནས་སྤེལ་དགོས་པའི་སྐོར་ལ་བཀའ་གནང་འདུག
༧གོང་ས་མཆོག་སེཎ་ཌི་ཡེ་གྷོ་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་ཐོག་མ་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༤ པའི་ནང་གནང་བ་དང་། ད་རེས་ཆིབས་བསྒྱུར་དེ་ཐེངས་ ༢ པ་ཡིན་ཡང་མང་ཚོགས་ཕོན་ཆེ་འདུ་འཛོམས་བྱུང་བ་ནི་ལོ་རྒྱུས་ཀྱི་རང་བཞིན་དུ་གྱུར་ཡོད་པ་མ་ཟད། ད་རེས་༧གོང་ས་མཆོག་ལ་གཙུག་ལག་སློབ་གྲྭ་ཆེན་མོས་གཟེངས་བསྟོད་ཀྱི་རྟགས་མ་ཕུལ་བ་དེ་ནི་སློབ་གྲྭའི་ལོ་རྒྱུས་སུ་༡༩༨༧་ནས་ད་བར་དུ་ཐེངས་ ༡༢ ལས་ཕུལ་མེད་པས་ཆེས་ཆེ་བསྟོད་ཞུས་པ་མཚོན་གྱི་ཡོད་པ་སོགས་འདི་གའི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྐབས་འཕྲལ་གནས་ཚུལ་བཏང་འདུག
ཞུ་དག་པ་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་རྣམ་རྒྱལ།
གསར་འགོད་པ་བཀྲིས་དབང་ཕྱུག