༸གོང་ས་མཆོག་གིས། གོ་མཚོན་མེད་པའི་ཞི་བདེའི་སྤྱི་ཚོགས་ཤིག་བསྐྲུན་དགོས་པའི་སྐོར་བཀའ་སློབ་སྩལ་འདུག

2022.10.20
༸གོང་ས་མཆོག་གིས། གོ་མཚོན་མེད་པའི་ཞི་བདེའི་སྤྱི་ཚོགས་ཤིག་བསྐྲུན་དགོས་པའི་སྐོར་བཀའ་སློབ་སྩལ་འདུག ༸གོང་ས་མཆོག་དང་མཇལ་བཅར་ཞུས་མཁན་རྣམ་པའི་སྐུ་པར། ༢༠༢༢།༡༠།༢༠ ཉིན།
OHHDL

ཕྷི་རིན་སི་Franceརྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་(Be The Love You Want to See In The World)ཞེས་ཁྱེད་ཉིད་འཛམ་གླིང་ནང་འབུར་ཐོན་ཡོང་དགོས་ན་བརྩེ་བ་སྦྱིན་ཞེས་པའི་བྱམས་བརྩེ་གོང་སྤེལ་དང་འབྲེལ་བའི་ཚོགས་པས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ལོ་༢༠༢༢ ལོའི་སྤྱི་ཟླ་༡༠ ཚེས་༢༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཚོགས་པ་དེ་ཉིད་ཀྱིས་གོ་སྒྲིག་འོག་རྒྱལ་ཁབ་༢༦ནས་ན་གཞོན་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་། འགོ་ཁྲིད། ཚོང་ལས་པ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ།  སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་མཁན་སོགས་མི་གྲངས་༣༠ ལྷག་ལ་མཇལ་འཕྲད་ཀྱིས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་དགོས་པའི་གལ་གནད་དང་། འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ། དེ་བཞིན་གོ་མཚོན་མེད་པའི་ཞི་བདེའི་སྤྱི་ཚོགས་ཤིག་བསྐྲུན་དགོས་པའི་གལ་གནད་སོགས་ཀྱི་ཐོག་བཀའ་སློབ་སྩལ་འདུག

གོང་ཞུས་ཚོགས་པ་དེའི་ཚོགས་གཙོ་ལྕམ་Sofia Stril-Reverལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་གཞིར་བཞག་གིས་ད་བར་དཔེ་དེབ་༤ ལྗགས་རྩོམ་གནང་འདུག་པའི་ཁྲོད། དཔེ་དེབ་གསར་ཤོས་ནི་བྱམས་བརྩེའི་གསར་བརྗེ་(A call for revolution)ཞེས་པའི་དཔེ་དེབ་དེ་ཡིན་འདུག་ཅིང་། ཁོང་མོས་ད་རེས་མཇལ་ཁ་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ག་དུས་མཇལ་བ་ཡིན་ནའང་། བློ་སྟོབས་མི་འདྲ་བ་ཞིག་སྐྱེས་ཀྱི་འདུག། ད་རེས་མཇལ་ཁའི་སྐབས་༸གོང་ས་མཆོག་ནས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་དགོས་པའི་གལ་གནད་སྐོར་བཀའ་སློབ་གནང་སོང་ལ། དེ་ནི་ང་ཚོ་ཚོགས་པས་བསྒྲུབ་དགོས་པའི་དམིགས་ཡུལ་ཅིག་ཀྱང་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

འཛམ་གླིང་ནང་ད་བར་གསར་བརྗེ་མང་དག་ཅིག་བྱུང་བ་དེ་དག་འཚེ་བ་དང་ཁོང་ཁྲོའི་ཐོག་ནས་བྱུང་བ་ཞིག་ཡིན་པས། ༸གོང་ས་མཆོག་གིས་འཇིག་རྟེན་ཁྱོན་ཡོངས་ལ་བདེ་སྐྱིད་ཡོང་བར་གསར་བརྗེ་ཞིག་དགོས་གལ་ཆེ་བར་གཟིགས་ཏེ། མ་འོངས་པའི་གསར་བརྗེ་དེ་ནི་སྙིང་རྗེ་དང་བྱམས་སེམས་བརྒྱུད་ནས་ཡོང་དགོས་པ་བཀའ་གནང་བ་བཞིན་རྩོམ་པ་པོ་ལྕམ་Sofia Stril-Rever ལགས་ཀྱིས། བྱམས་བརྩེའི་གསར་བརྗེ་(A call for revolution) ཞེས་པའི་དཔེ་དེབ་དེ་ལྗགས་རྩོམ་གནང་ཡོད་འདུག་ཅིང་། དཔེ་དེབ་དེ་བཞིན་ད་བར་སྐད་ཡིག་མི་འདྲ་བ་༢༠ ཡི་ནང་ཕབ་བསྒྱུར་ཟིན་ཡོད་འདུག  

བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནི་རྩོམ་པ་པོ་ལྕམ་Sofia Stril-Rever ལགས་ཀྱི་སློབ་སྟོན་པ་གཙོ་བོའི་གྲས་ཤིག་ཡིན་འདུག་ཅིང་། ད་རེས་མཇལ་ཁའི་སྐབས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཡང་ལྷན་བཅར་ཞུས་འདུག

_SA14731.JPG

སྐབས་དེར་མཇལ་ཁ་གྲུབ་པའི་རྗེས། ཨེ་ཁོ་འདྲོར་སྤྱི་མཐུན་རྒྱལ་ཁབ་(Republic of Ecuador)ནས་ཡིན་པའི་ན་གཞོན་ཁོར་ཡུག་སྲུང་སྐྱོབ་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་Helena Gualinga ལགས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ང་རང་གནས་རྩ་ཆེན་ཞིག་ནས་ཡོང་བའི་བུ་མོ་ཞིག་ཡིན་ལ། ད་རེས་༸གོང་ས་མཆོག་གི་བཞུགས་གནས་རྡ་རམ་ས་ལར་འབྱོར་བའི་སྐབས་གནས་དེ་ཡང་རྩ་ཆེན་ཡིན་པ་སེམས་ཚོར་བྱུང་ཞིང་། ལྷག་ཏུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འགྲོ་བ་མི་གཅིག་པུ་ཙམ་མིན་པར། སྲོག་ལྡན་ཚང་མར་བྱམས་བརྩེ་དགོས་མཁོ་ཆེ་བའི་སྐོར་བཀའ་སློབ་གནང་གི་ཡོད་པ་བཞིན་ངའི་ལུང་པའི་ནང་གི་མི་ཚོས་ཀྱང་བསམ་བློ་འདི་ལྟར་གཏོང་གི་ཡོད། ད་རེས་ཁོང་དངོས་སུ་མཇལ་ཏེ་བཀའ་སློབ་ལམ་སྟོན་ཞུ་རྒྱུ་བྱུང་བར་ཧ་ཅང་གི་ངོ་མཚར་ཆེ་ཞེས་འགྲེལ་བརྗོད་གནང་བྱུང་།

ཡང་ཨ་མི་རི་ཀར་གནས་བཞུགས་ན་གཞོན་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་སུ་ཕྷི་ཀིཡ་ནེ་Sophia Kianni ལགས་ཀྱིས། ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ། བུད་མེད་འགོ་ཁྲིད་ནུས་པ་བསྐྱེད་སྲིང་ཇི་ལྟར་གནང་དགོས་པའི་སྐོར་བཀའ་འདྲི་ཞུས་པས། ༸གོང་ས་མཆོག་གིས། བུད་མེད་ལ་བྱམས་བརྩེ་གོང་མཐོར་བཏང་རྒྱུའི་ནུས་པ་ཆེ་བ་མ་ཟད། གོ་སྐབས་ཀྱང་མང་བ་ཡོད་པ་བཀའ་ལན་གནང་སོང་བས། སེམས་ལ་ཧ་ཅང་ཟུག་པོ་བྱུང་ལ། ད་དུང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ནི་གོ་ལ་ཁྱོན་ཡོངས་ཀྱིས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཞིག་ཡིན་པ་བཀའ་གནང་སོང་།

གཞན་ཡང་ཚོགས་པ་དེ་ཉིད་ཀྱིས་གོ་སྒྲིག་འོག་སྤྱི་ཟླ་༡༠ པའི་ཚེས་༡༨ནས་བཟུང་ཉིན་གྲངས་༥ ཡི་རིང་རྡ་སའི་ཆོས་ནོར་གསོལ་མགྲོན་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཀྱིས་Better We, Better World ཞེས་སོ་སོའི་གནས་སྟངས་ཇེ་ལེགས་སུ་བཏང་བ་དང་ཆབས་ཅིག་འཛམ་གླིང་གི་གནས་སྟངས་ཡང་ཇེ་བཟང་དུ་འགྲོ་བ་ཞེས་པའི་བརྗོད་གཞིའི་ཐོག་གོ་བསྡུར་དང་བགྲོ་གླེང་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎