བཙན་བྱོལ་བོད་མིའི་མྱོང་ཚོར་གསལ་སྟོན་ཆེད་རོགས་དངུལ།
2009.02.03
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱེད་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཇིག་རྟེན་ཀུན་ཕན་གྱི་ཐེབས་རྩ་ཁང་ནས་ལོ་ངོ་ལྔ་བཅུའི་བཙན་བྱོལ་བོད་མིའི་ལོ་རྒྱུས་དྲན་གསོར་སྲུང་བརྩི་ཞུ་བའི་དུས་ཚིགས་དང་བསྟུན་བཙན་བྱོལ་ནང་གི་བོད་མི་ཚོས་སོ་སོའི་མྱོང་ཚོར་སྒྱུ་རྩལ་གྱི་ལམ་འདྲ་མིན་གྱི་ཐོག་ནས་གསལ་སྟོན་བྱ་རྒྱུར་རྩེ་ཕུད་ཀྱི་ལས་གཞིར་དམིགས་བསལ་རོགས་དངུལ་གནང་རྒྱུའི་གསལ་བསྒྲགས་གནང་འདུག
ཐེབས་རྩ་ཁང་གིས་སྤེལ་བའི་གསལ་བསྒྲགས་དེའི་ནང་རོགས་དངུལ་དེའི་དམིགས་ཡུལ་ནི་བོད་མི་ཚོས་རང་རང་གི་བཙན་བྱོལ་ནང་གི་མྱོང་ཚོར་དང་དེ་སྔོན་བོད་ནང་བསྡད་སྐབས་ཀྱི་དྲན་པ།བོད་ནས་བཙན་བྱོལ་དུ་ཡོང་སྐབས་ཀྱི་གནས་སྟངས་དང་སྐབས་དེའི་དམིགས་ཡུལ་སོགས་གསལ་སྟོན་འབྱུང་ཐབས་ཆེད་ཡིན་པ་བརྗོད་འདུག
སོ་སོའི་མྱོང་ཚོར་དེ་དག་རྩོམ་ཡིག་དང་སྒྲུང་དེབ།གློག་བརྙན།སྙན་རྩོམ།གླུ་དབྱངས།རི་མོ།འདྲ་པར་དང་དེ་བཞིན་འཁྲབ་སྟོན་སོགས་སྒྱུ་རྩལ་གྱི་ངོ་བོ་འདྲ་མིན་གྱི་ཐོག་ནས་གསལ་སྟོན་ཆོག་རྒྱུ་དང་ཐེབས་རྩ་ཁང་གི་ངོས་ནས་དྲག་འདེམས་ཀྱིས་འདི་ལོ་བོད་ཀྱི་སྒྱུ་རྩལ་དུས་སྟོན་ཞིག་སྲུང་བརྩི་ཞུ་འཆར་ཡོད་པ་དེའི་སྐབས་འགྲེམས་གཤོམ་གནང་རྒྱུ་ཡིན་འདུག
རོགས་དངུལ་འགྲན་བསྡུར་ནང་ཞུགས་འདོད་ཡོད་མཁན་ཚོས་སོ་སོའི་ལོ་རྒྱུས་དང་རང་ཉིད་ཀྱི་ལས་འཆར་གྱི་སྐོར།དེ་བཞིན་རང་ཉིད་ཀྱི་ལས་འཆར་འདིར་ཐེབས་རྩ་ཁང་གིས་རྒྱབ་སྐྱོར་དགོས་རྒྱུའི་སོ་སོའི་བསམ་འཆར་སོགས་ཕྱི་ཟླ་གཉིས་པའི་ཚེས་ཉི་ཤུ་བརྒྱད་འགྱང་མེད་ཐེབས་རྩ་ཁང་ལ་སྙན་ཞུ་འབུལ་ཟིན་པ་དགོས་རྒྱུ་ཡིན་འདུག
མི་སྒེར་སོ་སོས་སྤེལ་བའི་ལས་འཆར་རྩེ་ཕུད་རིགས་ལ་ཐེབས་རྩ་ཁང་ནས་རྒྱ་གར་སྒོར་མོ་ཁྲི་ལྔ་དང་ཚོགས་པའམ་མཉམ་འདུས་ཀྱི་ངོ་བོའི་ཐོག་ནས་སྤེལ་བའི་ལས་འཆར་རྩེ་ཕུད་རིགས་ལ་རྒྱ་གར་སྒོར་མོ་འབུམ་གཅིག་གི་རོགས་དངུལ་གསོལ་སྩལ་གནང་རྒྱུ་ཡིན་འདུག