༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སི་མཆོག་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་མཛད་པ།

2022.10.29
༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སི་མཆོག་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་མཛད་པ། ཚོགས་གཙོ་ལྕམ་Nancy Pelosi མཆོག་ནི། ༧གོང་ས་མཆོག་དང་ཤིན་ཏུ་ཐུགས་འདྲིས་ཆེ་བའི་བོད་དོན་བདེན་པར་རྒྱབ་སྐྱོར་གནང་མཁན་དབུ་ཁྲིད་ཅིག་ཡིན་པ་རེད།
ཨེ་ཨེཕ་པི།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་Nancy Pelosi མཆོག་གི་སྐུ་ཟླ་Paul Pelosi མཆོག་ལ་མི་ངན་ཞིག་གིས་ཕར་རྒོལ་བྱས་པའི་གནས་ཚུལ་གསན་རྗེས་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་འདུག
ཕྱི་ཚེས་༢༧་སྔ་དྲོ་མི་ངན་ཞིག་ལྕམ་ཚོགས་གཙོ་Nancy Pelosi མཆོག་གི་California རུ་ཡོད་པའི་གཟིམ་ཤག་ཏུ་གློ་བུར་འཛུལ་ཏེ་སྐུ་ཟླ་ Paul Pelosi མཆོག་ལ་རྒོལ་རྡུང་བཏང་རྗེས་ཉེན་རྟོག་པ་འཕྲལ་མར་འབྱོར་ཡོད་པ་དང་། མི་ངན་འཛིན་བཟུང་དང་ཚོགས་གཙོ་ལྕམ་Nancy Pelosi མཆོག་གི་སྐུ་ཟླ་Paul Pelosi མཆོག་སྨན་ཁང་དུ་བསྐྱལ་ཏེ་གཤག་བཅོས་སོགས་ཛ་དྲག་གནང་ཐུབ་ཡོད་པས་སྐུ་སྲོག་ལ་སྲོག་སྐྱོན་མེད་ལུགས་སྨན་པས་གསུངས་གནང་ཡོད་པ་རེད། ཁྲིམས་འགལ་གྱི་དོན་རྐྱེན་དེ་བྱུང་སྐབས་ཚོགས་གཙོ་ལྕམ་Nancy Pelosi མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཞུགས་ཡོད་པ་རེད།
༧གོང་ས་མཆོག་གིས་ Paul Pelosi མཆོག་དྲག་སྐྱེད་བྱུང་སྟེ་སྐུ་སྟོབས་སྔོན་ལྟར་སོས་ཀྱི་ཡོད་པ་མཁྱེན་རྟོགས་བྱུང་ཡོད་ཀྱང་། མྱུར་དུ་སྐུ་སྟོབས་སོར་ཆུད་ཡོང་བའི་ཐུགས་སྨོན་མཛད་འདུག ཡང་༧གོང་ས་མཆོག་གིས་གསུང་འཕྲིན་ནང་མུ་མཐུད་བཀོད་གནང་མཛད་པར། གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་བཀོད་པར་གཞིགས་ན།
Paul Pelosi མཆོག་གི་གཟིམ་ཤག་ཏུ་བཙན་འཛུལ་བྱས་ཏེ་རྒོལ་རྡུང་གཏོང་མཁན་མི་ངན་དེས་ཚོགས་གཙོ་ལྕམ་Nancy Pelosi མཆོག་གང་དུ་ཡོད་མིན་འདྲི་བརྩད་བྱས་འདུག སྐུ་ཉིད་ཀྱི་སྲུང་སྐྱོབ་དང་བདེ་འཇགས་ཀྱི་ལས་དོན་དགོས་ངེས་འཐུས་ཚང་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།
ངོས་ཀྱིས་ཨ་རི་དང་ཨ་རིའི་མི་མང་གིས་ལོངས་སུ་སྤྱོད་བཞིན་པའི་རང་དབང་ལ་ཤིན་ཏུ་གུས་བཀུར་ཆེན་པོ་ཡོད་པ་དེ་ལྟར་ཡང་། འགན་འཁུར་བའི་ཐོག་ནས་རང་དབང་ལོངས་སུ་སྤྱོད་རྒྱུ་གལ་འགངས་ཆེན་པོ་ཡིན་ཞེས་དང་། དྲག་ཤུགས་ལ་བསྟེན་ན་རྣམ་པ་ཐམས་ཅད་དུ་ཨ་རི་དང་རྒྱལ་ཁབ་གཞན་སུ་བའི་སྒྲིག་འཛུགས་དང་སྤྱི་ཚོགས་ལ་དགེ་ཕན་འགྲུབ་མི་ཐུབ་ཅེས་དང་།
མཐའ་དོན་༧གོང་ས་མཆོག་གིས་ཚོགས་གཙོ་ལྕམ་Nancy Pelosi མཆོག་དང་ནང་མི་བཅས་ལ་ཐུགས་སྨོན་འཚམས་འདྲི་གནང་འདུག
ཚོགས་གཙོ་ལྕམ་Nancy Pelosi མཆོག་ནི། ༧གོང་ས་མཆོག་དང་ཤིན་ཏུ་ཐུགས་འདྲིས་ཆེ་བའི་བོད་དོན་བདེན་པར་རྒྱབ་སྐྱོར་གནང་མཁན་དབུ་ཁྲིད་ཅིག་ཡིན་ཞིང་། ཕྱི་ལོ་༢༠༠༨་ལོར་བོད་ནང་ཞི་རྒོལ་ཆེན་མོ་བྱུང་སྐབས་ཁོང་གིས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་འཁྲིད་དེ་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ་༧གོང་ས་མཆོག་དང་བོད་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཤིན་ཏུ་མངོན་པར་གསལ་གནང་ཡོད་པ་རེད།།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎