༸གོང་ས་མཆོག་པོའོ་ལེན་ཌའི་ཡུལ་དུ་ཆིབས་བསྒྱུར་མཛད་འཕྲིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟའ་ཟླ་བའི་ཉིན་ཡོ་རོབ་ཀྱི་ཡུལ་གྲུ་པོའོ་ལེན་ཌེ་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག

2009.07.28

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟའ་ཟླ་བའི་ཉིན་ཡོ་རོབ་ཀྱི་ཡུལ་གྲུ་པོའོ་ལེན་ཌེ་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་པ་དང་འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་པོའོ་ལེན་དྲེ་ཡུལ་གྲུ་དེར་ཆིབས་བསྒྱུར་བསྐྱངས་ཐེངས་བཞི་པ་དེ་ཡིན་པ་རེད།

གནམ་ཐང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་པོའོ་ལེན་ཌེ་གཞུང་གི་སྐུའི་སྲུང་བྱའི་གྲ་སྒྲིག་ཚད་མཐོ་ཞུས་པའི་ཐོག་ནས་བཞུགས་ཡུལ་མགྲོན་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་མགྲོན་ཁང་གི་མགྲོན་གཉེར་གཙོས་པའི་མི་བརྒྱ་ཕྲག་ཁ་ཤས་ཕེབས་བསུའི་འཚམས་འདྲི་ཞུ་བར་བཅར་ཡོད་འདུག

གཟའ་ལྷག་པའི་ཉིན་རྒྱལ་ས་ལྦར་སོའི་གྲོང་ཁྱེར་སྲིད་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་དེའི་ཆེ་བསྟོད་མི་སེར་གྱི་མཚན་ཐོངས་ཕྱག་འཁྱེར་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།

གཟའ་མིག་དམར་ཉིན་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་བརྒྱད་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་པོའོ་ལེན་ཌེའི་རྒྱལ་ས་ལྦར་སོའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་ཤེས་ཡོན་གྱི་རིན་ཐང་དང་ཀུན་ཁྱབ་འགན་འཁུར་གྱི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་པ་དང་མཐོ་སློབ་གི་ངེས་དོན་པ་མཁས་དབང་ཀ་ཊར་ཛི་ན་ཆ་ལ་སིན་སི་ཀ་མ་ཁུ་ཀོ་གཙོས་དགེ་ལས་སློབ་ཕྲུག་དང་ཆེད་འབོད་གལ་ཆེའི་སྐུ་མགྲིན་སོགས་མི་ཁྱོན་ཆེ་ཞིག་ཆེད་བཅར་ཞུས་ཡོད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་འབྱོར་གྱི་བྱ་གཞག་ནང་དྲང་བདེན་དང་ཕྱི་གསལ་ནང་གསལ་དགོས་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་ཞིང་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དངུལ་དང་དཔལ་འབྱོར་གཅིག་པུ་གལ་ཆེན་པོ་མ་ཡིན་པར་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས།ཆོག་ཤེས་ལྡན་པའི་སྤྱི་ཚོགས་ཤིག་དགོས་རྒྱུ་ཡང་དེ་བས་གལ་ཆེ་བ་ཡིན་པ་བཀའ་གནང་འདུག ཡང་གོ་ལའི་དཔལ་འབྱོར་གྱི་དཀའ་རྙོག་དང་འབྲེལ་བའི་གནད་དོན་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་རྙོག་འདི་ནི་འདོད་རྔམས་དང་ཕྱི་གསལ་ནང་གསལ་མེད་པའི་ཐོག་ནས་བྱུང་བ་ཞིག་ཡིན་སྟབས་ངེས་པར་དུ་དཔལ་འབྱོར་ཁེ་ལས་ཀྱི་ལས་དོན་ནང་དྲང་བདེན་དང་ཕྱི་གསལ་ནང་གསལ་ངེས་པར་དགོས་ཀྱི་རེད་ཅེས་བཀའ་ཕེབས་འདུག

ལྦར་སོའི་གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་ལྷན་དུ་ཉིན་གུང་ལྗགས་སྨིན་ལྷན་བཞེས་བསྐྱངས་རྗེས་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་གནད་ཡོད་ལས་བྱེད་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་དའེི་ནང་ཡོད་པའི་ལྦར་སོ་རའེ་སིང་འགྲེམས་སྟོན་ཁང་ཞེས་པ་པོའོ་ལེན་དྲེ་རང་བཙན་གྱི་ཆེད་རང་གི་ཚེ་སྲོག་ཕུལ་མཁན་པོའོ་ལེན་དྲེ་ཡུལ་མི་འདས་པོ་སྟོང་ཕྲག་མང་པོའི་དྲན་རྟེན་གྱི་འགྲེམས་སྟོན་ཁང་དེར་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།

འགྲེམས་སྟོན་གྱི་མཛད་འཆར་གྲུབ་པའི་རྗེས་པོའོ་ལེན་དྲེ་དུ་བཅའ་ཞུགས་བོད་ཀྱི་གསོ་བ་རིག་པའི་སྨན་པ་དགེ་སློང་བསྟན་འཛིན་བྱང་ཆུབ་ལགས་ཀྱིས་གསར་བཙུགས་གནང་པའི་སྨན་ཁང་དེའི་དབུ་འབྱེད་རབ་གནས་བསྐྱངས་གནང་མཛད་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎