༸གོང་ས་མཆོག་ནས་"༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང"་ཞེས་པའི་དེང་རབས་ཅན་གྱི་འགྲེམ་སྟོན་ཁང་ཞིག་བཞུགས་སྒར་དུ་དབུ་འབྱེད་མཛད་གནང་སོང་།



བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་ཏེ། སྤྱི་ཟླ་༧པའི་ཚེས་༦ ཉིན་གྱི་སྔ་དྲོ་༸མགོན་པོ་གང་ཉིད་མཆོག་གིས་“༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང”་ཞེས་པ་དེང་རབས་ཅན་གྱི་འགྲེམ་སྟོན་ཁང་གསར་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་དབུ་འབྱེད་མཛད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ༸རྒྱལ་བ་རིོན་པོ་ཆེ་དང་བོད་ཀྱི་རིག་གཞུང་གཉིས་ཀྱི་མཚན་སྙན་དེ་འཛམ་བུ་གླིང་ལ་འོད་ཟེར་ཁྱབ་པ་ལྟ་བུ་གྱུར་བ་འདི་ནི། མགོན་པོ་གང་ཉིད་མཆོག་༸སྐུ་སྒེར་ཁོ་ནའི་སྒྲུབ་བཞག་པ་ཞིག་མིན་པར། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་ལྷག་བསམ་དང་སྙིང་སྟོབས་སོགས་ལ་རྟེན་ནས་བྱུང་བ་ཞིག་ཡིན་པ་གསུངས་ཤིང་། ༸སྐུའི་འཁུངས་སྐར་ཉིན་དང་བསྟུན། ཐུགས་དགྱེས་ཚོར་ཆེན་པོས་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་སོང་།
ད་ཐེངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་པའི་དགའ་ལྡན་ཕོ་བྲང་གི་འགྲེམ་སྟོན་ཁང་གསར་པ་འདི་ནི་༸རྒྱལ་བའི་ཕོ་བྲང་ཉེ་འཁྲིས་སུ་ཆགས་པའི་བཞུགས་སྒར་ལྷ་རྒྱལ་རིར་ཆགས་ཡོད་ཅིང་། དགའ་ལྡན་ཕོ་བྲང་དགེ་རྩའི་ཚོགས་གཙོ་ལས་ཚབ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། དཔེ་མཛོད་དང་ཡིག་ཚང་ཁང་གནས་ཚད་ལྡན་པ་ཡོང་ཆེད་འགྲོ་མགྲོན་ལ་མ་འཛེམ་པར། ཁང་པ་དང་དགོས་མཁོའི་འཛིན་ཆས། འཕྲུལ་ཆས་སོགས་དེང་རབས་ཚད་ལྡན་སྒྱུ་སྩལ་གྱི་གནས་ཚད་མཁོ་སྒྲུབ་ཞུས་པ་མ་ཟད། ལས་བྱེད་རྣམས་ཀྱང་སོ་སོའི་ཆེད་ལས་དང་འབྲེལ་བའི་ཚད་ལྡན་ཤ་སྟག་ཡིན་པ་འགྲེམ་བརྗོད་གནང་སོང་།
༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་འདིའི་ཡང་སྟེང་དུ་ཚོགས་ཁང་ཆེན་པོ་ཞིག་གསར་རྒྱག་ཟིན་ཡོད་པ་དེའི་ནང་འབྱུང་འགྱུར་༸གོང་ས་མཆོག་ནས་སྡེ་ཚན་ཁག་ལ་མཇལ་ཁ་དང་བཀའ་སློབ། མཁས་པའི་བགྲོ་གླེང་ཚོགས་འདུ་ཚོགས་རྒྱུའི་ཆེད་དུ་བེད་སྤྱོད་གནང་རྒྱུ་ཡིན་འདུག་ཅིང་། ཚོགས་ཁང་གི་འོག་ཐོག་ཏུ་༸གོང་ས་མཆོག་གི་ཡིད་ཆེས་དགེ་རྩའི་ལས་ཁུངས་དང་། གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་གྱི་ལས་ཁུངས། སྒྲ་བརྙན་སྡེ་ཚན་གྱི་ལས་ཁུངས་སོགས་ཡོད་འདུག
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་གནད་དོན་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་མིན་པར། བདེན་པའི་འཐབ་རྩོད་དང་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་པ་བཀའ་གནང་ཞིང་། བོད་ཀྱི་རིག་གཞུང་ནི་ནང་སེམས་ཞི་བདེ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་ཐུན་མུང་མ་ཡིན་པ་ཞིག་པས། མི་ཉམས་རྒྱུན་འཛིན་བྱེད་རྒྱུ་གལ་ཆེ་ཡིན་པ་བཀའ་སློབ་ཕེབས་གནང་སོང་།
༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་མཛད་སྒོའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གཙོས་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆུང་དབུས་པའི་ལས་བྱེད་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོས་པའི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཙོས་པའི་སྤྱི་འཐུས་རྣམ་པ། དེ་བཞིན་ཨ་རིའི་ཧོ་ལི་ཝུཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་Richard Gere ལགས་གཙོས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་ཁག་ཅིག་སོགས་ཆེད་བཅར་ཞུས་འདུག
གཞན་ཡང་དགའ་ལྡན་ཕོ་བྲང་དགེ་རྩའི་ཚོགས་གཙོ་ལས་ཚབ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། བོད་མིའི་འདས་པའི་འབྱུང་རབས་ནང་། མང་ཚོགས་ཀྱི་རྒྱུན་ལྡན་གྱི་འཚོ་བ་དང་། ས་ཁུངས་ཡུལ་ལུང་གི་གནས་བབ། ཆབ་སྲིད་དང་ཁྲིམས་མཐུན་གྱི་ཡིག་ཆ་སོགས་བདག་གཉར་ཚད་ལྡན་བྱ་རྒྱུའི་ལམ་སྲོལ་མེད་པ་གཞན་ཆ་ཕྱིན་པ་དེས། བོད་ཀྱི་སྲིད་དོན་གྱི་འབྱུང་རབས་ལ་གཞན་གྱི་འཁྱགས་བཤད་བྱེད་སྐབས། ཡིག་ཆའི་བདེན་རྟགས་དང་བཅས་ཏེ་ཡོ་བསྲངས་བྱ་དཀའ་བའི་ཉམས་མྱོང་དངོས་བྱུང་ལ་བརྟེན། བོད་མིའི་ཤེས་ཡོན་ཅན་མང་པོས་བཙན་བྱོལ་དུ་འབྱོར་རྗེས། ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན། དེ་བཞིན་སྤྱི་ཚོགས་ཀྱི་འཚོ་བ་སོགས་དང་འབྲེལ་བའི་ཡིག་རིགས་ཁག་དེང་རབས་ཚན་རིག་དང་མཐུན་པར་བདག་གཉར་བྱ་རྒྱུ་གལ་གནད་ཆེ་བ་མཐོང་སྟེ། འབད་རྩོད་སྔ་རྗེས་གནང་སྟེ། མཐར་འགྲེམ་སྟོན་ཁང་དེ་བཞིན་དངོས་སུ་དབུ་འབྱེད་གནང་ཐུབ་པ་བྱུང་ཡོད་པ་འགྲེལ་བརྗོད་གནང་སོང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།