གནས་མཆོག་རྡོ་རྗེ་གདན་དུ་སྐུའི་སྲུང་ཆའི་གྲ་སྒྲིག་གང་ལེགས་ཞུ་བཞིན་པ།
2018.12.15

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོང་ཁྱེར་Mumbai ནང་གི་མཛད་འཕྲིན་ཁག་གྲུབ་སྟེ་ལྡི་ལི་བརྒྱུད་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱང་གནང་གི་ཡོད་པར་བརྟེན་སྐུའི་སྲུང་ཆ་གང་ལེགས་ཞུ་རྒྱུའི་ཆེད་དུ་རྒྱ་གར་གཞུང་གི་ཉེན་རྟོག་པ་མང་པོ་བཀོད་སྒྲིག་ཞུས་ཟིན་པ་མ་ཟད། ཕྱི་ཟླ་བཅིུས་པའི་ཚེས་༡༣ ཉིན་ས་གནས་གྷ་ཡ་རྫོང་དཔོན་དང་ཉེན་རྟོག་པ་འགན་འཁུར་ཡོད་མཁན་རྣམས་འདུ་འཛོམས་ཀྱིས་སྐུའི་སྲུང་ཆ་ཚགས་ཚུད་སྔར་ལྷག་ཞུ་རྒྱུའི་གྲ་སྒྲིག་ཞུ་ཕྱོགས་ཀྱི་ལྷན་ཚོགས་ཀྱང་གནང་ཡོད་པ་རེད།
དེ་ཡང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་དགུན་ཁ་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་བཀའ་དྲིན་བསྩལ་གནང་རྒྱུ་སོགས་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་བསྐྱང་གནང་རྒྱུའི་ནང་ནས་༧གོང་ས་མཆོག་གི་དྲ་རྒྱའི་ཐོག་གནས་ཚུལ་ཐོན་པར་གཞིགས་ན། དད་ལྡན་ཆོས་ཞུ་བ་ཚོས་དོ་སྣང་གནང་དགོས་པའི་གལ་ཆེའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེ་ནི། ༧གོང་ས་མཆོག་གིས་ཕྱི་ཟླ་བཅུ་གཉིས་པའི་ཚེས་༢༤ ནས་༢༦ བར་ཉིན་གསུམ་རིང་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་བསྩལ་རྒྱུའི་ཞལ་བཞེས་ཐོབ་རུང་། བཀའ་ཆོས་འདི་ལ་དམིགས་བརྩེ་མའི་བསྙེན་པའི་དམ་བཅའ་དགོས་པས་དམ་བཅའ་མི་ནུས་པ་དང་། ཐུན་མོང་ལམ་སྦྱོང་ལ་གོམས་འདྲིས་མེད་པ་རྣམས་ཆོས་གྲལ་དུ་བཅར་རྒྱུ་མེད་པར་དེ་དོན་ཡིད་འཇགས་དགོས་པའི་སྐོར་དང་། དེ་ནས་ཕྱི་ཟླ་བཅུ་གཉིས་པའི་ཚེས་༢༨ ནས་༣༡ བར་ཉིན་བཞིའི་རིང་ཆོས་འབྲེལ་བཀའ་དྲིན་བསྩལ་གནང་རྒྱུ་ལྟར། ཕྱི་ཚེས་ ༢༨ དང་ ༢༩ ཚེས་ ༣༠ བཅས་ཉིན་གསུམ་གྱི་སྔ་དྲོ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆགས་པའི་གདན་ས་བཀྲ་ཤིས་ལྷུན་པོ་རུ་དེ་སྔ་༢༠༡༥ ལོར་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་རྣམ་རྩ་འཕྲོ་སྐྱོང་མཛད་རྒྱུ་དང་། ཚེས་༣༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་ཆོས་བརྡ་གསལ་བསྒྲགས་གནང་ཡོད་པ་རེད། བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་ཁྲིད་པའི་ས་གནས་གཞོན་ནུ་ཚོགས་པ་ཁག་གིས་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་བཀའ་དབང་དང་ཆོས་འབྲེལ་བསྐྱང་རིམ་བཞིན་སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་བཞིན་ཡོད་པ་ལྟར་འདི་ལོའི་སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་དོན་གྲ་སྒྲིག་གནང་བཞིན་ཡོད་པ་རེད།།
གསར་འགོད་པ་གཡུ་སྒྲོན།