འཛམ་གླིང་ནང་ཞི་བདེ་དགོས་ན་འགྲན་སེམས་དང་འཁོན་འཛིན་སོགས་ལ་བརྟེན་ནས་ཡོང་ཐབས་མེད།


2017.12.02
འཛམ་གླིང་ནང་ཞི་བདེ་དགོས་ན་འགྲན་སེམས་དང་འཁོན་འཛིན་སོགས་ལ་བརྟེན་ནས་ཡོང་ཐབས་མེད། འཛམ་གླིང་ཞི་བདེའི་ལྷན་ཚོགས་སུ་༧གོང་ས་མཆོག་གིས་འཛམ་གླིང་ནང་ཞི་བདེ་དགོས་ན་འགྲན་སེམས་དང་འཁོན་འཛིན་ཞེ་སྡང་ཕྲག་དོག་ལ་བརྟེན་ནས་ཡོང་ཐབས་རྩ་བ་ནས་མེད་ཅེས་བཀའ་གནང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅། །དེ་རིང་ཕྱི་ཟླ་བཅུ་གཉིས་པའི་ཚེས་༢ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པ་ལྟར་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་རྟེན་གཞི་བྱེད་པའི་གཞུང་གི་མཐོ་སློབ་ནང་བཀའ་བློན་ཁྲི་ཟུར་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་རྒྱ་གར་མངའ་སྡེ་འདྲ་མིན་ནས་མེས་པོ་དམ་པ་གཱན་དྷིའི་རྗེས་འབྲང་པ་ཁག་གཅིག་ལ།  སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་གཱན་དྷིས་བཏོན་པའི་ལམ་གྱི་རྗེས་སུ་འཇུག་པ། ཞེས་འཛམ་གླིང་ཞི་བདེའི་ལྷན་ཚོགས་སུ་བཀའ་སློབ་བསྩལ་ཡོད་འདུག
ཐོག་མར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གཱན་དྷི་རྗེས་དྲན་དང་ལྟ་གྲུབ་འཛིན་སྐྱོང་བསྟི་གནས་ཁང་གི་ལས་འཆར་ཚན་པའི་འགན་འཛིན་སྐུ་ཞབས་བྷྱས་ཀུན་ཌུ་ཡིས་ཕེབས་བསུའི་གསུང་བཤད་གནང་ཡོད་ཅིང་།  ཁོང་གིས་དེ་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་འཛམ་གླིང་ཞི་བདེའི་དབུ་ཁྲིད་ཀྱི་བཀའ་སློབ་ཉན་རྒྱུའི་གོ་སྐབས་ཐོབ་པ་ནི་ཧ་ཅང་སྐལ་བ་བཟང་པོ་ཞིག་ཡིན་པ་དང་། ༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ལྷན་ཚོགས་ཐོག་༧ཞབས་སོར་འཁོད་གནང་མཛད་མ་ཟད། བཀའ་སློབ་བསྩལ་བར་གཱན་དྷི་བསྟི་གནས་ཁང་དང་གོ་སྒྲིག་ཚོགས་ཆུང་གི་ཚབ་ཞུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་འདུག    དེ་རྗེས་སྐུ་མགྲོན་གཙོ་བོ་ཁག་ཅིག་གིས་གསུང་བཤད་གནང་བའི་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་བཟང་པོའི་རིན་ཐང་བྱམས་བརྩེ་དང་། བཟོད་སྲན། ཆོག་ཤེས་སོགས་དེང་དུས་སྤྱི་ཚོགས་ནང་དགོས་མཁོ་ཧ་ཅང་ཡོད་པ་དང་། དུས་རབས་༢༡ དེ་འཚེ་མེད་ཞི་བ་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐབས་བྱ་དགོས་གལ་ཆེ་བ་དང༌།  དེ་བཞིན་སངས་རྒྱས་ཤཀྱཱ་ཐུབ་པ་དང་བདག་ཉིད་ཆེན་པོ་གཱན་དྷི་མཆོག་ལྟ་བུ་རྒྱ་གར་བ་ཡིན་ཞིང་། སྐྱེས་ཆེན་དམ་པ་ཁོང་རྣམས་ཀྱིས་གཙོ་བོ་མིའི་བསམ་བློར་རྣམ་རྟོག་འདྲ་མིན་ཡོད་པ་རྣམས་ལ་དཔྱད་པ་གནང་ནས་མི་བཟང་པོ་ཞིག་ཡོང་ཐབས་ཆེད་འབད་བརྩོན་གནང་ཡོད་པ་དང་།  སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་གཱན་དྷི་ལྟ་བུ་ཇི་ལྟར་ཡོང་ཐུབ་བམ་ཞེས་ང་ཚོས་བརྟག་དཔྱད་དང་ཉམས་ཞིབ་གནང་བ་ཡིན་ན།  རྒྱ་གར་གནའ་རབས་ཀྱི་སྲོལ་རྒྱུན་ལེགས་བཤད་དེ་དག་ལ་བརྟེན་ནས་བྱུང་ཐུབ་པ་གསལ་པོ་རེད།  དེར་བརྟེན་ང་ཚོས་ཀྱང་ཁོང་ཚོ་དང་འདྲ་བ་ཞིག་ཆགས་འདོད་ན་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་ལ་ངེས་པར་དུ་སློབ་སྦྱོང་གནང་དགོས།  འཛམ་གླིང་ནང་ཞི་བདེ་དགོས་ན་འགྲན་སེམས་དང་འཁོན་འཛིན།  ཞེ་སྡང་ཕྲག་དོག་ལ་བརྟེན་ནས་ཡོང་ཐབས་རྩ་བ་ནས་མེད་པ་དང་།  ཆོས་ཁས་ལེན་མིན་མ་ལྟོས་པར་གཙོ་ཆེ་ནང་གི་བསམ་བློར་ཞི་བདེ་ཡོང་བ་ཞིག་བཟོ་ཐུབ་དགོས་སོགས་བཀའ་སློབ་བསྩལ་གནང་མཛད་ཡོད་འདུག།
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎