འགྲོ་བ་མིའི་རིན་ཐང་དང་འཆམ་མཐུན་གོང་འཕེལ།
2009.11.09
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་མོན་རྟ་དབང་གི་ཆིབས་བསྒྱུར་འདི་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་ཆེད་ཡིན་སྐོར་བཀའ་གནང་ཡོད་པ་རེད།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ཐེངས་ཀྱི་རྒྱ་གར་བྱང་ཤར་མོན་རྟ་དབང་ཁུལ་གྱི་ཆིབས་བསྒྱུར་འདི་སྲིད་དོན་དང་འབྲེལ་བ་མེད་ལ་འགྲོ་བ་མི་འཆམ་མཐུན་གོང་འཕེལ་གྱི་ཕྱག་ལས་ཤིག་ཡིན་སྐོར་བཀའ་གནང་འདུག
རེས་གཟའ་ཉི་མ་ཉིན་༸གོང་ས་མཆོག་གིས་རྟ་དབང་དགོན་པར་འགྲེམས་སྟོན་ཁང་ཞིག་དབུ་འབྱེད་གནང་སྐབས་དེར་འདུས་རྒྱལ་སྤྱིའི་གསར་འགོད་པར་རྒྱ་ནག་གཞུང་གིས་ངོས་རང་ག་པར་བསྐྱོད་ཀྱང་སྐྱོན་བརྗོད་བྱེད་རྒྱུ་དེ་འཆར་ཅན་ཞིག་རེད། རྒྱ་ནག་གུང་བྲན་གཞུང་གིས་ངོས་རང་ཁ་བྲལ་གྱི་ལས་འགུལ་སྤེལ་རྒྱུར་བསྐུལ་དེད་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་དེ་གཞི་རྩ་གཏན་ནས་མེད་པ་ཞིག་རེད་ཅེས་བཀའ་གནང་འདུག ཡང་༸གོང་ས་མཆོག་གིས་ད་ཐེངས་ཀྱི་མོན་རྟ་དབང་ཁུལ་གྱི་ཆིབས་བསྒྱུར་འདི་གཙོ་བོ་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་ཆེད་དང་ངོས་ད་ལྟ་ཉི་ཧོང་ནས་ཕྱིར་འཁོར་ཟིན་ཙམ་ཡིན་ དེ་གར་མིའི་བདེ་བའི་འབྱུང་ཁུངས་དེ་རང་ཉིད་སོ་སོར་ཐུག་གི་ཡོད་པའི་སྐོར་བཀའ་གནང་བ་ཡིན་ཞེས་བཀའ་གནང་འདུག ཡང་༸གོང་ས་མཆོག་གིས་ད་ཐེངས་ཀྱི་མོན་རྟ་དབང་གི་གཟིགས་བསྐོར་འདིར་དམིགས་བསལ་གྱི་ཚོར་བ་ཞིག་ལ་ཕྱི་ལོ་༡༩༥༩ལོར་༸གོང་ས་མཆོག་བོད་ནས་རྒྱ་ནག་གི་བཙན་དབང་ནས་བྲོས་བྱོལ་དུ་ཕེབས་སྐབས་རྟ་དབང་ས་ཁུལ་དེ་ནས་ཕེབས་ཡོད་སྐོར་བཀའ་གནང་འདུག ད་ཐེངས་ཀྱི་༸གོང་ས་མཆོག་གི་ཆིབས་བསྒྱུར་སྐྱངས་ཡུལ་ཨ་རུ་ན་ཅཱལ་པཱར་རྡེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ནས་རྒྱ་ནག་གིས་རྒྱ་གར་གྱི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་ཡོད་པ་མ་རེད་ཅེས་གསུངས་འདུག དེ་བཞིན་མངའ་སྡེའི་ཀོང་རེ་སི་ཚོགས་པའི་འགོ་འཁྲིད་ཀི་རན་རི་ཇི་ཇུ་ཡིས་༸གོང་ས་མཆོག་གི་ད་ཐེངས་ཀྱི་གཟིགས་བསྐོར་འདི་ཞི་བདེ་དང་སྤྱི་ཚོགས་ནང་འཆམ་མཐུན་ཡོང་ཆེད་དང་ང་ཚོ་ཞི་བདེའི་ཐོག་གནས་འདོད་ཡོད་ལ་བོད་དང་ཚོང་འབྲེལ་དེ་ཡང་བསྐྱར་གསོ་བྱེད་རྒྱུའི་འདོད་པ་ཡོད་ཅེས་གསུངས་འདུག ༸གོང་ས་མཆོག་གིས་རེས་གཟའ་ཟླ་བ་ཉིན་རྒྱ་གར་གཙོས་པའི་འབྲུག་དང་བལ་ཡུལ་ཁུལ་ནས་མི་མང་ཁྲི་གསུམ་ལྷག་ཞིག་ལ་ཞི་བདེ་དང་འགྲོ་བ་མིའི་འཆམ་མཐུན་གོང་འཕེལ་གཏོང་དགོས་པའི་སྐོར་བཀའ་གནང་འདུག དེ་བཞིན་༸གོང་ས་མཆོག་གིས་མོན་རྟ་དབང་ཁུལ་དུ་སྨན་ཁང་ཞིག་དབུ་འབྱེད་བསྐྱངས་ཡོད་ཅིང་སྨན་ཁང་དེར་༸གོང་ས་མཆོག་གིས་རྒྱ་གར་དངུལ་སྒོར་འབུམ་ཉི་ཤུ་ཐམ་པ་ཞལ་འདེབས་གནང་ཡོད་པ་རེད།