༸གོང་ས་མཆོག་གི་ཁ་ཆེ་དང་ནང་པའི་ལྟ་གྲུབ་ཀྱི་ཕྱག་དེབ་སྐོར།
2010.05.13
༄༅༎༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཆེ་དང་ནང་པའི་ལྟ་གྲུབ་ཀྱི་འབྲེལ་བའི་སྐོར་ཕྱག་དེབ་ཅིག་ཞལ་འབྱེད་གནང་ཡོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཨ་རིའི་ཨིན་དྲ་ན་ཡ་ནའི་གྲོང་ཁྱེར་སྦུ་ལིང་མིན་ཀྲོན་ནང་མཛད་འཕྲིན་བསྐྱང་གནང་བཞིན་ཡོད་པའི་མཛད་འཆར་ཁོངས་སུ། ཁ་ས་ཕྱག་དེབ་ཅིག་ཞལ་འབྱེད་གནང་ཡོད་པ་རེད། ཕྱག་དེབ་དེ་བཞིན་རྩོམ་བྲིས་གནང་མཁན་ཁ་ཆེ་བ་སྐུ་ཞབས་ར་ཛ་ ཤཧ་ ཀ་ཛི་མི་ཡིན་པ་དང་། ཕྱག་དེབ་ཀྱི་ནང་དོན་ནི་འཇོར་དྲན་གྱི་རྒྱལ་སྲས་ག་ཛི་ སྦིན་ མོཧ་མཏ་མཆོག་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་མཇལ་འཕྲད་གནང་བའི་བརྒྱུད་རིམ་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་བྱེད་ཕྱོགས་སྐོར་བཀའ་མོལ་བྱུང་བ་ནས་ལུང་འདྲེན་གནང་བ་ཞིག་ཡིན་འདུག
ཁ་ས་ཕྱག་དེབ་དབུ་འབྱེད་མཛད་སྒོའི་སྐབས། རྒྱལ་སྲས་མཆོག་དངོས་སུ་ཕེབས་ཐུབ་མེད་ཀྱང་ཁོང་གི་གསུང་འཕྲིན་ཞིག་བསྩལ་གནང་ཡོད་པའི་ནང་། ད་རེས་དེབ་འདི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་འབྱེད་གནང་བར་ཧ་ཅང་དགའ་པོ་བྱུང་། དེ་ནི་ཆོས་ལུགས་ཕན་ཚུན་དབར་དང་ལྷག་པར་དུ་ནང་པ་དང་། ཁ་ཆེའི་དབར་བྱམས་བརྩེ་དང་། ཕན་ཚུན་གོ་རྟོགས་སྤེལ་ཐབས་སུ་དམིགས་པ་ཞིག་ཡིན་ཞེས་གསུངས་ཡོད་པ་རེད། དེ་ནས་༸གོང་ས་མཆོག་གིས། དེ་སྔ་བོད་ནང་དུས་འགྱུར་མ་བྱུང་བའི་གོང་། ཁ་ཆེ་བ་ཉུང་ཤས་ཤིག་ལས་མེད་ཀྱང་བོད་པའི་ནང་པ་ཚོ་དང་། ཧ་ཅང་མཛའ་མཐུན་གྱི་ངང་འཚོ་བ་སྐྱེལ་ཡོད་པ་སོགས་གསུངས་གནང་ནས་གང་ལྟར་ཁ་ཆེའི་ཆོས་བྱེད་པའི་མིང་འཁྱེར་ནས་འཛམ་གླིང་ནང་། ཟིང་ཆ་སློང་མཁན་ཉུང་ཤས་ཤིག་ལ་དཔེ་བཞག་ནས་ཁ་ཆེ་བ་ཚང་མའི་ཐོག་མིང་ངན་པ་བཟོ་རྒྱུ་དེ་ནི་ནོར་འཁྲུལ་ཡིན་པ་དང་། ཆོས་ལུགས་གཞན་དང་འདྲ་མཚུངས་ཁ་ཆེའི་ཆོས་ནང་དུའང་ཚང་མར་བྱམས་དང་སྙིང་རྗེ། གཞན་ཕན་གྱི་བསམ་བློ་གཏོང་དགོས་པ་གལ་ཆེན་པོར་གསུངས་ཡོད་རེད་ལ་དུས་རྒྱུན་ནས་ཆོས་ལུགས་ཕན་ཚུན་དབར་གོ་རྟོགས་སྤེལ་རེས་དང་། གུས་བརྩི་ཞུ་དགོས་རྒྱུའི་ལམ་སྟོན་གནང་བཞིན་ཡོད་པ་སོགས་བཀའ་གནང་འདུག།