ཨ་རིའི་ནུབ་ཕྱོགས་སཱན་དྷིཡེ་གྷོ་གཙུག་ལག་སློབ་གྲྭའི་ནང་བཀའ་སློབ་བསྩལ་རྒྱུ།


2017.06.03
ཨ་རིའི་ནུབ་ཕྱོགས་སཱན་དྷིཡེ་གྷོ་གཙུག་ལག་སློབ་གྲྭའི་ནང་བཀའ་སློབ་བསྩལ་རྒྱུ། ༧གོང་ས་མཆོག་ནས་ཨ་རིའི་ནུབ་ཕྱོགས་སཱན་དྷིཡེ་གྷོ་གཙུག་ལག་མཐོ་རིམ་སློབ་གྲྭའི་སློབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་བཀའ་སློབ་བསྩལ་གནང་མཛད་རྒྱུ།
སཱན་དྷིཡེ་གྷོ་གཙུག་ལག་མཐོ་རིམ་སློབ་གྲྭའི་དྲ་གནས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་ནུབ་ཕྱོགས་ སཱན་དྷིཡེ་གྷོ་གཙུག་ལག་མཐོ་རིམ་སློབ་གྲྭའི་སློབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་སྐབས་བཅར་མཁན་གྱི་གྲངས་འབོར་ནི་ད་བར་བྱུང་མྱོང་མེད་པའི་གྲངས་ཚད་མཐོ་པོ་ཞིག་ཆགས་རྒྱུ་ཡིན་པ་སཱན་དྷིཡེ་གྷོ་གྲོང་ཁྱེར་ནས་བཏོན་པའི་ LGBT བདུན་རེའི་དུས་དེབ་ཀྱིས་གནས་ཚུལ་སྤེལ་འདུག།
དེ་ཡང་ཕྱི་ཟླ་ ༦ ཚེས་ ༢ ཉིན་དུས་དེབ་དེས་བཏོན་པའི་གནས་ཚུལ་ནང་། ཕྱི་ཟླ་ ༦ ཚེས་ ༡༧ སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ སཱན་དྷིཡེ་གྷོ་གཙུག་ལག་མཐོ་རིམ་སློབ་གྲྭའི་སློབ་པ་མཐར་སོན་གྱི་མཛད་སྒོའི་སྐབས། ཤེས་ཡོན་གྱི་རིན་ཐང་དང་། རང་གཞན་གཉིས་ཀའི་བདེ་དོན་ཆེད་སྤྱོད་བཟང་དང་སྙིང་རྗེ་ཅེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་དུ་བཅར་མཁན་སློབ་མ་དགུ་སྟོང་ཙམ་དང་དམིགས་བསལ་གདན་འདྲེན་ཞུས་པའི་སྐུ་མགྲོན་ཆིག་ཁྲི་ལྔ་སྟོང་ལྷག་བཅར་རྒྱུ་ཡིན་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སཱན་དྷིཡེ་གྷོ་གྲོང་ཁྱེར་ནང་ཕྱི་ཚེས་ ༡༦ ནས་ ༡༨ བར་མཛད་འཕྲིན་སྐྱོང་གནང་མཛད་རྒྱུ་ཡིན་ཞིང་། ཕྱི་ཚེས་ ༡༦ ཉིན་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩོལ་གནང་མཛད་རྒྱུ་ཡིན་འདུག་ཅིང་། ཆིབས་བསྒྱུར་གོ་སྒྲིག་ཞུ་མཁན་གཙོ་བོའི་གྲས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་ཨ་རིའི་ནང་གི་ཏཱ་ལའི་བླ་མའི་དགེ་རྩའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བསྟན་འཛིན་དོན་ལྡན་ལགས་ཀྱིས་འགྲེལ་བརྗོད་གནང་པར་གཞིགས་ན། མང་ཚོགས་ཀྱི་བཀའ་སློབ་སྐབས་མི་གྲངས་ཁྲི་ཁ་ཤས་བཅར་རྒྱུའི་ཚོད་དཔག་གནང་གི་ཡོད་འདུག
སཱན་དྷིཡེ་གྷོ་གཙུག་ལག་སློབ་གྲྭ་ཆེན་མོ་འདི་ནི་འཛམ་གླིང་ནང་གི་ཞིབ་འཇུག་སྡེ་ཚན་ཡོད་པའི་སློབ་གྲྭ་ཆེན་མོའི་ནང་གི་རྩེད་ཕུད་ཨང་བཅུ་བཞི་པ་དེ་ཆགས་ཀྱི་ཡོད་འདུག་ཅིང་། གཙུག་ལག་སློབ་གྲྭ་དེའི་ངེས་སྟོན་པ་ Pradeep Khosia ཡིས་སྤྱིར་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། ༧གོང་ས་ཏཱ་ལའི་བླ་མ་༧སྐུ་ཕྲེང་བཅུ་བཞི་པ་མཆོག་ནས་ང་ཚོའི་སློབ་ཕྲུག་དང་ཕ་མ། དེ་བཞིན་ཉེ་འབྲེལ་ཚོར་ཀུན་ཁྱབ་སྙིང་རྗེའི་སྐོར་བཀའ་སློབ་གནང་རྒྱུའི་ཞལ་བཞེས་གནང་པར་ཧ་ཅང་གི་དགའ་སྤོབས་དང་ཆེ་མཐོང་རང་བཞིན་ཅན་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་ཅེས་དང་། ཏཱ་ལའི་བླ་མ་མཆོག་ནི་ཞི་བདེ་མཚོན་དོན་ཞིག་ཡིན་ལ། ཁོང་ནི་ཀུན་ཁྱབ་འགན་འཁུར་དང་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་རྒྱུའི་ཆེད་ལས་འགན་འགྲུབ་གནང་མཁན་ཞིག་རེད་ཅེས་གསུངས་འདུག
ཡང་ཏཱ་ལའི་བླ་མའི་གྲོགས་པོའི་དགེ་རྩ་ཚོགས་པ་གསར་བཙུགས་གནང་མཁན་སྐུ་ཞབས་བསྟན་འཛིན་དོན་ལྡན་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཀུན་ཁྱབ་འགན་འཁུར་དང་། བྱམས་དང་སྙིང་རྗེ་སོགས་ཀྱི་བཀའ་སློབ་ལ་མི་མང་པོས་མོས་གུས་ཆེན་པོ་ཞུ་གི་ཡོད་པར་མ་ཟད། བཀའ་སློབ་དེ་དག་ནི་ཤེས་ཡོན་གྱི་གཞི་ཡུལ་གང་འདྲ་ཞིག་གི་ནང་ཡང་ལག་བསྟར་ཐུབ་པ་ཞིག་རེད་ཅེས་གསུངས་འདུག།
སཱན་དྷིཡེ་གྷོ་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ནང་ཡོད་པའི་རྒྱ་རིགས་སློབ་ཕྲུག་ཁག་གཅིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་བཀའ་སློབ་གནང་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་ན་ཡང་། དངོས་གཞིའི་མཛད་སྒོའི་སྐབས་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་རྒྱུ་མིན་པ་བརྗོད་ཡོད་པ་རེད།།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎