༸གོང་ས་མཆོག་ནས་ཀེ་ལི་ཕོ་ནི་ཡའི་བོད་མི་ཚོར་བཀའ་སློབ།

༸གོང་ས་མཆོག་ནས་ཨ་རིའི་མངའ་སྡེ་ཀེ་ལི་ཕོ་ནི་ཡའི་ཁུལ་དུ་གནས་པའི་བོད་མི་དང་དད་ལྡན་མི་མང་རྣམས་ལ་བཀའ་སློབ་བསྩལ་གནང་ཡོད་པ།

2009.09.25

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་༢༣་ཉིན་ཨ་མི་རི་ཀའི་མངའ་སྡེ་ཊེ་ནི་སིས྄་ཡི་གྲོང་ཁྱེར་མེམ་ཕེས྄་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་གནང་སྟེ།དེ་རིང་སྔ་དྲོ་ཀེ་ལི་ཕོ་ནིའི་ལོང་སྦི་ཅི་ཞེས་པའི་ས་གནས་སུ་ཞབས་སོར་འཁོད་དེ།ཕྱི་ཚེས་༢༥་དང་༢༦་ཉིན་གཉིས་རིང་བཞུགས་ཞག་གནང་གི་ཡོད་པ་རེད།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལོང་སྦི་ཅི་གནམ་ཐང་དུ་ཕེབས་བསུར།དེ་གར་ཡོད་པའི་དགེ་ལྡན་ཆོས་གླིང་ཆོས་ཚོགས་ཀྱི་མཁན་ཟུར་མཆོག་དང་བཙན་བྱོལ་བོད་མིའི་བྱང་ཨ་མི་རི་ཀའི་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས།བཀའ་ཟུར་པད་མ་ཆོས་འབྱོར་ལགས་སོགས་བཅར་ཡོད་ཅིང།༧གོང་ས་མཆོག་ས་གནས་དེར་ཞབས་སོར་འཁོད་མ་ཐག་ཐོག་མར་དགེ་ལྡན་ཆོས་གླིང་ཆོས་ཚོགས་སུ་ཆིབས་བསྒྱུར་བསྐྱངས་གནང་བ་དང་།དེར་དཔེ་མཛོད་ཁང་ཞིག་རབ་གནས་མཛད་ཡོད་པ་རེད།

ཉིན་གུང་ཕྱག་ཚོད་༢་དང་ཕྱེད་ཀའི་ཐོག་ལ་ཀི་ལི་ཕོ་ནི་ཡའི་ས་གནས་བོད་མི་དང་དེའི་ཉེ་འཁོར་གྱི་ས་གནས་ནས་འདུ་འཛོིམས་བྱས་པའི་བོད་མི་ལྔ་བརྒྱ་ཙམ་ལ་མཇལ་ཁ་གནང་བ་དང།ཡང་ཀེལ་ཕོ་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་པད་མ་ཆོས་སྒྲོན་ལགས་ཀྱིས་བོད་རིགས་ཚོགས་པའི་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོིན་ཞུས་པ་དང་།རེས་གཟའ་ཉི་མའི་བོད་པའི་སློབ་གྲྭའི་སློབ་ཕྲུག་ཚོས་གཞས་སྣ་གཟིགས་འབུལ་ཞུས་པའི་རྗེས།༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོར་དུས་ཡུན་སྐར་མ་ལྔ་བཅུ་ཙམ་རིང་།བཀའ་སློབ་བསྩལ་གནང་སྟེ།ང་ཚོ་གཞན་ཡུལ་དུ་བཙན་བྱོལ་བ་ཆགས་ནས་མི་ལོ་ལྔ་བཅུ་ཕྱིན་ཟིན་པ་དང་།བོད་ནང་དུས་ཀྱི་འགྱུར་བ་བྱུང་སྟེ་མི་ལོ་དྲུག་བཅུ་ཙམ་ཟིན་གྱི་ཡོད་པ་དེ་ནི།ལོ་རྒྱུས་ཐོག་ནས་བྱས་ན་མི་ལོ་ལྔ་བཅུ་དེ་ནི་དུས་ཡུན་རིང་པོ་ཞིག་མིན་ནའང།མི་སྒེར་གཅིག་གི་མི་ཚེའི་ཐོག་ནས་བལྟས་ན་ལོ་ལྔ་བཅུ་ཡིན་ནའང་འདྲ་ལོ་དྲུག་བཅུ་ཡིན་ནའང་དངོིས་གནས་དུས་ཡུན་རིང་པོ་ཞིག་ཡིན།འདས་པའི་མི་ལོ་ལྔ་བཅུ་དེ་ནི་ང་ཚོ་བོད་མི་ཚོར་དུས་ཡུན་སྐྱོ་ཤོས་ཤིག་བྱུང་ཡོད་ཅིང།ང་ཚོ་བཙན་བྱོལ་དུ་སྡོད་མཁན་གྱི་བོད་མི་རྣམས་ནི།རྒྱལ་ཁབ་མེད་པ་དང་བོད་ནང་དུ་སྡོད་མཁན་གྱི་བོད་མི་རྣམས་ནི་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པ་རེད།

འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཁྲུངས་ཡུལ་མདོ་སྨད་ལྟ་བུར་མཚོན་ན།དེ་སྔ་མདོ་སྨད་ཁུལ་གྱི་བོད་མི་རྣམས་བོད་གཞུང་དགའ་ལྡན་ཕོ་བྲང་དང་འབྲེལ་བ་མེད་པའི་གནས་སྟངས་བྱུང་ཡོད་ཅིང།ཡིན་ནའང་ན་ནིང་ཕྱི་ཟླ་གསུམ་པའི་ནང་བོད་ས་ཁྱོན་ཡོངས་ནས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་བཟོད་ཐབས་བྲལ་བའི་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བ་དེའི་ཐོག་ནས་ད་ཆ་བོད་མི་རྣམས་ཆིག་སྒྲིལ་གྱི་རྣམ་པ་མཚོན་ཐུབ་པ་བྱུང་ཡོད་ཅེས་བཀའ་གནང་ཡོད་པ་རེད༎

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎