ཤི་རི་ལང་ཀའི་ལོ་གསར་དུས་ཆེན་ལ་མེ་འཕེན་མཚམས་འཇོག་སྐོར།
2009.04.13
༄༅༎ཉིན་གྲངས་གཉིས་རིང་ཤི་རི་ལང་ཀའི་ལོ་གསར་དུས་ཆེན་སྐབས་ཆུ་ཚོད་བཞི་ཅུ་ཞེ་བརྒྱད་རིང་གཞུང་གི་དཔུང་དམག་དང་ཊ་མིལ་སྟག་གྱེན་ལོག་པའི་དབར་ཕན་ཚུན་མེ་འཕེན་མཚམས་འཇོག་བྱས་ཡོད་པ་དེར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུ་ཞུས་གནང་འདུག
བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་བཅུ་གསུམ་ཉིན་བསྩལ་བའི་གསུང་འཕྲིན་ནང་ཉིན་གཉིས་རིང་སིང་ཧ་ལ་དང་ཊ་མིལ་མི་རིགས་ཀྱི་ལོ་གསར་དུས་ཆེན་སྐབས་དེར་ཤི་རི་ལང་ཀའི་དམག་འཐབ་ནང་ཕན་ཚུན་དབར་མེ་འཕེན་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་བྱས་པ་དེར་༸གོང་ས་མཆོག་གིས་དགའ་བསུ་ཞུས་གནང་ཡོད་པ་དང་འཐབ་རྩོད་བྱེད་བཞིན་པའི་ཤོག་ཁག་དབར་གྱི་རྩོད་རྙོག་ནང་ཚུད་པའི་ཞི་བའི་ཡུལ་མི་ཚོའི་བདེ་སྡུག་ཐད་རྒྱལ་སྤྱི་ནས་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་དང་གཅིག་མཚུངས་༸གོང་ས་མཆོག་ལའང་ཐུགས་འཚབ་ཡོད་སྐོར་བཀའ་གནང་ཡོད་ཅིང་ཤི་རི་ལང་ཀའི་ཞི་བའི་ཡུལ་མི་ཚོ་ཉེན་ཁའི་གནས་སྟངས་ལས་གྲོལ་ཐུབ་རྒྱུའི་གོ་སྐབས་ཐོབ་པ་དེར་༸གོང་ས་མཆོག་གིས་དགའ་བསུ་ཞུས་གནང་ཡོད་པ་དང་ཞི་བདེའི་གནས་སྟངས་དེ་མུ་མཐུད་གནས་པའི་ཐུགས་སྨོན་ཀྱང་གནང་འདུག
དེ་བཞིན་༸གོང་ས་མཆོག་གིས་བསྩལ་གནང་མཛད་པའི་གསུང་འཕྲིན་ནང་དྲག་འཐབ་ཀྱི་ལས་ལ་འཇུག་པའི་འཁོན་འཁྲུག་བྱེད་བཞིན་པའི་ཕྱོགས་གཉིས་ཀ་ཞི་བདེ་དང་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་གཏིང་ཟབ་བྱེད་པའི་གནའ་བོའི་སྲོལ་རྒྱུན་བཟང་པོ་ཡོད་མཁན་གྱི་ནང་པ་དང་ཧིན་རྡུའི་སྤྱི་ཚོགས་ནས་ཡིན་པ་དང་ད་རེས་ཕྱོགས་གཉིས་དབར་འཕྲལ་སེལ་རིང་མེ་འཕེན་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་བྱས་པ་དེ་དག་དུས་ཡུན་རིང་དུ་བཏང་ནས་ཕྱོགས་གཉིས་དབར་གྲོས་མོལ་བསྐྱར་དུ་འགོ་འཛུགས་བྱས་པའི་ཐོག་ནས་ཕན་ཚུན་དབར་འགྲིག་འཇགས་ཡོང་ཐབས་གནང་དགོས་རྒྱུའི་འབོད་སྐུལ་ཕྱོགས་གཉིས་ཀར་ཞུ་རྒྱུ་ཡིན་ཞེས་༸གོང་ས་མཆོག་གིས་གསུང་གནང་འདུག དཀའ་རྙོག་ཇི་འདྲ་ཞིག་ཡིན་རུང་དོན་དམ་གྱི་གྲོས་མོལ་གནང་བ་ཡིན་ན་སེལ་མ་ཐུབ་པ་རྩ་བ་ནས་མེད་པའི་སྐོར་༸གོང་ས་མཆོག་གིས་བཀའ་གནང་བ་དང་ཆབས་ཅིག་ལོ་གསར་དུས་ཆེན་རིང་མེ་འཕེན་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་དེས་སིང་ཧ་ལ་དང་ཊ་མིལ་མི་རིགས་གཉིས་དབར་གྲུབ་འབྲས་ཐོན་པའི་ཁ་ཕྱོགས་གསར་པ་ཞིག་ལ་བསྐྱོད་རྒྱུའི་འབྲེལ་ལམ་གསར་གཏོད་ཐུབ་པའི་སྨོན་འདུན་ཞུ་གི་ཡོད་ཅེས་༸གོང་ས་མཆོག་གིས་གསུང་འཕྲིན་ནང་བཀའ་གནང་འདུག།