ཧོང་ཀོང་བེུད་ཅིག་གིས་བོད་ཀྱི་རྒྱལ་དར་འདོན་ཐབས་བྱས་པ།
2008.08.09
༄༅༎ཧོང་ཀོང་གི་ཉེན་རྟོག་པས་གཟའ་སྤེན་པའི་ཉིན་ཨོ་ལིམ་པིག་གི་རྟ་གཞོན་འགྲན་བསྡུར་ཚུགས་ཡུལ་དེའི་ནང་ ཧོང་ཀོང་གི་མཐོ་རིམ་སློབ་གྲའི་སློབ་མ་ཞིག་གིས་རྩེད་འགྲན་སྐབས་ བོད་ཀྱི་རྒྱལ་དར་ཞིག་འདོན་ཐབས་བྱས་པར་བརྟེན་ སློབ་ཕྲུག་དེ་བལྟད་མོ་བལྟ་ས་དེ་ནས་ཕྱིར་འབུད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཀིརི་ཊི་ན་ཆེན་ཟེར་བའི་བེུད་ཀྱི་སློབ་ཕྲུག་དེ་ འགྲན་ཚོགས་ཁང་དེའི་མདུན་གྲལ་དུ་ཡོད་འདུག་པ་དང་ ཁོང་གིས་ཁེ་ན་ཌའི་རྒྱལ་དར་ཡོད་པའི་ལག་ཡིག་ཞིག་བསྣམས་ཡོད་འདུག་པ་དེའི་འོག་བོད་ཀྱི་རྒྱལ་དར་ཞིག་ཡོད་པ་དེ་བཏོན་ཐབས་གནང་སྐབས་ སྲུང་སྐྱོབ་མི་སྣ་བཞི་ལྔ་ཞིག་གློ་བུར་དུ་ཡོང་སྟེ་ ཁོ་མོའི་སྟེང་རས་ཁེབས་སྔོན་པོ་ཞིག་གཡོག་སྟེ་རྩེད་ཁང་དེ་ནས་ཕྱིར་འབུད་བྱས་ཐབས་བྱས་འདུག་ཀྱང་ སློབ་ཕྲུག་དེས་མ་ཉན་པར་ཕར་འཐེན་ཚུར་འཐེན་རྒྱུན་རིང་བྱས་རྗེས་ སྲུང་སྐྱོབ་མི་སྣ་དེ་དག་གིས་ བེུད་སློབ་ཕྲུག་དེ་ཡར་བསྐྱག་སྟེ་ཕྱིར་འབུད་བྱས་འདུག
ཧོང་ཀོང་གི་ཉེན་རྟོག་དཔུང་སྡེའི་མགྲིན་ཚབ་པ་ ཀྲི་ཀེ་སྣ་ ཡིས་བརྗོད་དོན་ལྟར་ན་ སློབ་ཕྲུག་ཀིརི་སི་ཊི་ན་ཆེན་གྱིས་ ཟླ་བ་ཁ་ཤས་སྔོན་ཨོ་ལིམ་པིག་གི་དཔལ་འབར་ཧོང་ཀོང་དུ་བསྐོར་བསྐྱོད་བྱས་སྐབས་ཀྱང་ངོ་རྒོལ་བྱས་ཡོད་པ་བརྗོད་འདུག་པ་དང་ ད་རེས་ཁོང་ཕྱིར་འབུད་བྱས་པ་ལས་འཛིན་བཟུང་བྱས་མེད་ལུགས་ཉེན་རྟོག་དཔུང་སྡེའི་མགྲིན་ཚབ་པ་དེས་ཨེ་པི་གསར་འགྱུར་ལས་ཁང་ལ་གསལ་བཤད་བྱས་འདུག
ཧོང་ཀོང་ནང་ཨོ་ལིམ་པིག་གི་རྟ་གཞོན་འགྲན་བསྡུར་བྱ་རྒྱུ་དེ་ནི་ ས་ཁུལ་དེའི་ནང་ཨོ་ལིལམ་པིག་གི་རྩེད་འགྲན་ཚུགས་རྒྱུ་གཅིག་པུ་ཡིན་ཞིང་ རྩེད་འགྲན་དེའི་གྲ་བསྒྲིགས་ཚོགས་ཆུང་གི་སྤྱི་ཁྱབ་པ་ ལམ་ལྦུན་ཀོལྦོང་ གིས་ བོུ་དེའི་བྱ་སྤྱོད་དེ་ནི་ཧ་ཅང་ཐབས་སྡུག་ཅིག་ཡིན་པས་ ང་ཚོས་ཁོ་མོ་སླར་ཡང་རྩེད་འགྲན་ཁང་འདིའི་ནང་བལྟད་མོ་བལྟ་རུ་ཡོང་དུ་འཇུག་རྒྱུ་མིན་ཞེས་བརྗོད་འདུག འོན་ཀྱང་ཀིརི་སི་ཊི་ན་ཆེན་གྱིས་ ངས་ཞི་བའི་རྣམ་པ་ཞིག་གི་ཐོག་ནས་མི་དམངས་ཚོར་ རྒྱ་ནག་ལ་ཨོ་ལིམ་པིག་གི་མགྲོན་བདག་ཡུལ་གྲུ་ཐོབ་སྐབས་ རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་ཡོད་ན་ཡང་ དོན་དངོས་ཁས་ལེན་བྱས་པ་དེའི་ཐོག་གནས་མེད་པ་དེ་ཤེས་རྟོགས་ཡོང་རྒྱུའི་ཆེད་ལས་འགུལ་དེ་སྤེལ་བ་ཡིན་པ་ལས་ སུ་ལ་ཡང་གནོད་སྐྱོན་གཏོང་བའི་བསམ་པ་མེད་ཅེས་གསུངས་འདུག།