ཧོང་ཀོང་ནས་སྐྱེ་རྒུ་མདོར་སླར་གསོའི་རོགས་སྐྱོར།
2010.05.09
༄༅༎རེས་གཟའ་ཟླ་བའི་ཉིན་ཧོང་ཀོང་གི་དང་བླངས་བ་མཉམ་ཞུགས་བྱས་པའི་རུ་ཁག་གཉིས་ཀྱིས་ཕྱི་ལོ་༢༠༠༨ལོ་ཟི་ཁྲོན་དང་འདི་ལོ་བོད་ཀྱི་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆགས་བྱུང་བ་དེར་འཛུགས་སྐྲུན་སླར་གསོའི་རོགས་སྐྱོར་གྱི་ལས་འགུལ་རིམ་པ་བཞིན་སྤེལ་རྒྱུ་ཡིན་པ་རེད།
དེ་རིང་ལས་འགུལ་གོ་སྒྲིག་གནང་མཁན་གྱིས་གསུང་པར། ཧོང་ཀོང་ནང་གི་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ཁག་དྲུག་གི་ལས་བྱེད་པ་དང་དང་བླངས་བའི་རུ་ཁག་ནས། ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་ལྔ་པའི་ཚེས་༡༢ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་ལྦེན་ཁྲོན་ས་གནས་སུ་ཚབས་ཆེའི་ས་ཡོམ་གྱི་གོད་ཆག་བྱུང་སྟེ་ལོ་གཉིས་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བ་དང་སྟབས་བསྟུན་ས་ཡོམ་གྱི་གནོད་འཚེ་ཕོག་པ་ཚོར་སེམས་གསོ་བྱེད་པའི་ལས་དོན་ཞིག་འགོ་བཙུགས་བྱས་ཏེ། དེ་རིང་ནི་ནུབ་ཕྱོགས་པ་ཚོས་ཨ་མའི་དུས་ཆེན་ཟེར་བར་ངོས་འཛིན་བྱེད་པ་བཞིན། ཧོང་ཀོང་གི་ཁྱིམ་ཚང་བརྒྱ་ཕྲག་གིས་ཟི་ཁྲོན་དང་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆགས་བྱུང་ཡུལ་གྱི་ཤུལ་ལུས་བུད་མེད་ཚོར་ཁྱིམ་ཚང་དུ་བཟོས་པའི་འཚམས་འདྲིའི་ཡིག་ཆུང་དང་མེ་ཏོག་ཆེད་གཏོང་བྱས་ཏེ་སེམས་གསོ་བྱས་ཡོད་པ་རེད།