ཧོང་ཀོང་གི་སྲིད་དོན་དུས་དེབ་ཀྱི་རྩོམ་སྒྲིག་པ་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག
སྔ་ལོའི་ཕྱི་ཟླ་༩པའི་ནང་གར་སོང་ཆ་མེད་དུ་གྱུར་བའི་ཧོང་ཀོང་ནང་རྟེན་གཞི་བྱས་པའི་སྲིད་དོན་དུས་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོ་ཡིན་པ་(Chen Zhiming)་གྱིས་ཁྲིམས་འགལ་གྱི་ཚོང་རྒྱབ་ཚུལ་གྱིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་ཤེས་རྟོགས་བྱུང་ཡོད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ད་ཆ་ཇར་མན་ནང་གནས་སྡོད་རྒྱ་མི་སྙན་ངག་པ་(Yang Lian)་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་(Chen)་རྒྱ་གཞུང་གིས་འཛིན་བཟུང་བྱེད་དོན་ནི། གོང་ཞུས་དུས་དེབ་ཀྱིས་རྒྱ་ནག་ཤར་ཕྱོགས་ཅིང་སུའུ་(Jiangsu)་ཞིང་ཆེན་ནང་གི་བེུད་ཅིག་ལ་ལྕགས་ཐག་རྒྱབ་ནས་བསྡམས་བཞག་པའི་གནས་ཚུལ་ཐེར་བཏོན་བྱས་པར་བརྟེན་ནས་རྒྱ་ནག་རྒྱལ་ཡོངས་མི་མང་དེའི་ཐད་སྐད་ངན་ཤོར་བཅུགས་པ་བཟོས་པའི་དབང་གིས་ཡིན་སྐོར་འགྲེལ་བརྗོད་གནང་འདུག
རྒྱ་མི་སྙན་ངག་པ་(Yang Lian)་ལགས་ཀྱིས་ཚེས་༢༡་ཉིན་(Tweeter)་བརྒྱུད་ནས། (Chen Zhiming)་ནི་དེ་སྔ་རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་ཞེས་རྒྱ་ནག་གཞུང་འབྲེལ་ཚགས་པར་དེའི་རྩོམ་སྒྲིག་པ་ཡིན་པ་དང་། རྗེས་སུ་(Exclusive Characters)་ཞེས་པའི་སྲིད་དོན་དུས་དེབ་གསར་འཛུགས་ཆེད་ཧོང་ཀོང་ནང་གནས་སྤོར་བྱས་པ་ཞིག་ཡིན་པ་དང་། དུས་དེབ་དེས་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་མཁན་གྱི་མི་སྣ་ཚོར་བཅར་འདྲི་གཏིང་གཟབ་བྱས་ནས་གནས་ཚུལ་སྤེལ་གྱི་ཡོད། སྔ་ལོའི་ཕྱི་ཟླ་༩པའི་ཚེས་༢༡ཉིན་ནས་བཟུང་(Chen)་ཡིས་སྤྱི་ཚོགས་བརྒྱུད་ལམ་ཐོག་གནས་ཚུལ་གསར་པ་བཏོན་རྒྱུ་མཚམས་འཇོག་བྱས་པ་དང་། རྒྱ་ནག་སྐམ་སའི་ནང་གར་སོང་ཆ་མེད་དུ་གྱུར། ད་ཆ་ཁོང་འཛིན་བཟུང་བྱས་ཡོད་པ་ཤེས་རྟོགས་བྱུང་བར་ཧང་སང་ཧོན་ཐོར་བྱུང་ཞེས་བྲིས་འདུག
རྩོམ་སྒྲིག་པ་(Chen)་ལ་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་པའི་གནས་ཚུལ་དེ་ནི། དེང་སྐབས་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་དགྲ་ཟླའི་སྟོབས་ཤུགས་ཟེར་བའི་ཐོག་དྲག་གནོན་བྱེད་བཞིན་པའི་སྐབས་འདིར་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་རྩ་མེད་གཏོང་བ་ཟེར་བའི་སྲིད་ཇུས་བཟུང་ནས་སྒོ་རྒྱ་བསྡམས་པར། རྒྱ་ནག་མི་མང་གིས་དམ་བསྒྲགས་ཆེ་བའི་རྒྱ་གཞུང་གི་སྲིད་ཇུས་དང་། རྒྱ་ནག་གཞུང་ལ་ངོ་རྒོལ། ཤོག་བུ་དཀར་པོའི་ངོ་རྒོལ་ལས་འགུལ་སོགས་སྤེལ་བ་ཁག་སྔ་ལོའི་ཕྱི་ཟླ་༡༡་པའི་ལོ་མཇུག་ལ་རྒྱ་ནག་རྒྱལ་ཡོངས་ནང་ཁྱབ་པ་དང་། ཡང་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ཟེར་བ་ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་༧ནས་བཟུང་ལག་བསྟར་བྱས་པ་དེར་ངོ་རྒོལ་བྱེད་མཁན་ཚོའི་ཐོག་དྲག་གནོན་བྱེད་བཞིན་པའི་སྐབས་འདིར་བྱུང་ཡོད་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།