ཡང་བསྐྱར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཞེ་བདུན་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཉེན་རྟོག་པས་ཧོང་ཀོང་ནང་གི་དམངས་གཙོ་དོན་གཉེར་བ་དང་དམངས་གཙོའི་ལས་འགུལ་བ་༤༧འཛིན་བཟུང་བྱས་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ལག་བསྟར་བྱས་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ཟེར་བའི་འོག་ཉེན་རྟོག་པས་ཧོང་ཀོང་ཁྱོན་ཡོངས་སུ་ཞིབ་གཤེར་བྱས་པ་བརྒྱུད། ཁུལ་དེའི་ནང་ཡོད་པའི་དམངས་གཙོ་དོན་གཉེར་བ་གྲངས་༤༧ཟླ་༢འི་ཚེས་༢༨གཟའ་ཉི་མའི་ཉིན་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག
ཟླ་བ་སྔོན་མའི་ནང་ཧོང་ཀོང་གྲོང་ཁྱེར་ནང་རྒྱུས་མངའ་ཆེ་བའི་དམངས་གཙོ་དོན་གཉེར་བ་མི་གྲངས་༥༥རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ཟེར་བའི་འོག་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད། གོང་དུ་འཛིན་བཟུང་བྱས་པའི་དམངས་གཙོ་དོན་གཉེར་བ་མི་གྲངས་༥༥ནས་མི་གྲངས་༤༧ལ་གཟའ་ཉི་མའི་ཉིན་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞིའི་འོག་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་བཙུགས་ཡོད་པ་དང་། ཁོང་ཚོ་གཟའ་ཟླ་བའི་ཉིན་ཁྲིམས་ཁང་དུ་ཁྲིད་ཡོད་འདུག
སྤྱི་ལོ་༢༠༡༩ལོར་ཧོང་ཀོང་ནང་ཡོད་པའི་དམངས་གཙོ་དོན་གཉེར་བ་ཚོས། ཧོང་ཀོང་གི་རྒྱ་ལམ་ཐོག་ཞི་རྒྱ་ཆེ་བའི་དམངས་གཙོའི་ལས་འགུལ་སྤེལ་བའི་རྗེས། རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། ན་ནིང་ཕྱི་ཟླ་དྲུག་པའི་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་བཀལ་བའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞིའི་འོག་དམངས་གཙོ་དོན་གཉེར་བ་ཚོའི་ཐོག་རྒྱལ་ཁབ་ལ་མགོ་རྟིང་སློག་ཐབས་བྱས་པ་དང་། ཕྱིའི་རྒྱལ་ཁབ་དང་ཁ་མཐུན་བྱས་པ་སོགས་ཀྱི་ནག་ཉེས་རིམ་པ་བཙུགས་ནས་ད་ཆ་དམངས་གཙོ་དོན་གཉེར་བ་ཚོ་འཛིན་བཟུང་བཙོན་འཇུག་བྱས་པ་དང་། དེ་མིན་ན་བཙན་བྱོལ་དུ་ཕེབས་དགོས་བྱུང་པའི་གནས་སྟངས་གྱུར་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཁྲིམས་གཞི་གསར་བ་ལག་བསྟར་བྱས་ནས་འདས་བའི་མི་ལོ་གཅིག་མ་ཟིན་ཙམ་གྱི་ནང་ཉུང་མཐར་ཧོང་ཀོང་གི་དམངས་གཙོའི་དོན་གཉེར་བ་དང་ལས་འགུལ་བ་མི་གྲངས་༥༠༠མ་ཟིན་ཙམ་འཛིན་བཟུང་བྱས་ཡོད་འདུག