ཧོང་ཀོང་སློབ་ཕྲུག་གི་ལས་འགུལ་འགོ་ཁྲིད་གསུམ་གྱི་ཁྲིམས་གཏུག་ལ་རྒྱལ་ཁ་ཐོབ་འདུག
2018.02.06

ཧོང་ཀོང་སློབ་ཕྲུག་གི་འགོ་ཁྲིད་གསུམ་ལ་ཧོང་ཀོང་ཁྲིམས་ཁང་གིས་བཙོན་འཇུག་གི་ཁྲིམས་ཐག་ལ་ཁས་ལེན་མེད་པར་བསྐྱར་དུ་ཁྲིམས་གཏུག་བྱས་པའི་གྱོད་དོན་ཐོག་ཧོང་ཀོང་ས་གནས་ཁྲིམས་ཁང་གི་ཁྲིམས་ཐག་བཞིན་ཁོང་གསུམ་ལ་བཙོན་འཇུག་བྱ་མ་དགོས་པའི་ཐག་གཅོད་བྱས་ནས་སློབ་ཕྲུག་གསུམ་གྱིས་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་གཏུགས་ལ་རྒྱལ་ཁ་ཐོབ་ཡོད་འདུག
ཧོང་ཀོང་སློབ་ཕྲུག་གི་འགོ་ཁྲིད་ཟུར་པ་ཧོང་ཀྲེ་ཕང་དང་། ལོའོ་ཀོན་ཚུང་། ཀྲའུ་ཡུང་ཁང་གིས་ཁོང་གསུམ་གྱིས་༢༠༡༤ལོའི་ཧོང་ཀོང་ནང་བྱུང་བའི་གཞི་རྒྱ་ཆེ་བའི་དམངས་གཙོའི་རྔམ་སྟོན་ལས་འགུལ་སྐབས་ཁྲིམས་འགལ་གྱིས་འདུ་འཛོམས་ཀྱི་སྣེ་ཁྲིད་བྱས་པ་སོགས་ཀྱི་ཉེས་བཙུགས་ཀྱིས། ཧོང་ཀོང་ས་གནས་ཁྲིམས་ཁང་གིས་ཧོང་ཀྲེ་ཕང་དང་། ལོའོ་ཀོན་ཚུང་གཉིས་ལ་ངལ་རྩོལ་ཞབས་ཞུའི་ཉེས་པ་བཏང་ཡོད་པ་དང་། ཀྲའུ་ཡུང་ཁང་ལ་བཙོན་འཇུག་ནར་འགྱངས་ཀྱི་ཉེས་ཆད་བཅད་ཡོད། ཡིན་ནའི་གྱོད་དོན་དེའི་ཐོག་ཧོང་ཀོང་ས་གནས་གཞུང་གིས་ཐེ་བྱུས་བྱས་ནས་སློབ་ཕྲུག་གསུམ་ལ་བཏང་བའི་ཉེས་ཆད་ཡང་དྲག་པ་བརྗོད་ནས་རྗེས་སུ་ཁྲིམས་ཁང་གིས་ཁོང་གསུམ་ལ་བཙོན་འཇུག་ཟླ་བ་དྲུག་ནས་བརྒྱད་བར་གྱི་ཁྲིམས་ཐག་བཅད་ཡོད་པ་རེད་། སློབ་ཕྲུག་གསུམ་པོས་ཁོང་གསུམ་ལ་ས་གནས་ཁྲིམས་ཁང་གིས་ངལ་རྩོལ་ཞབས་ཞུའི་ཉེས་ཆད་བཏང་བ་རྣམས་གྲུབ་ཟིན་པ་དང་། སླར་ཡང་བཙོན་འཇུག་གི་ཁྲིམས་ཐག་བཅད་པར་ཁས་ལེན་མ་བྱས་པར་ཧོང་ཀོང་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་གཏུག་བྱས་ཡོད་ཅིང་། ད་རེས་ཆེས་མཐོའི་ཁྲིམས་ཁང་གིས་སློབ་ཕྲུག་གསུམ་གྱི་གྱོད་དོན་ཐོག ཐོག་མར་ཧོང་ཀོང་ས་གནས་ཁྲིམས་ཁང་གིས་ཉེས་ཆད་ངལ་རྩོལ་ཞབས་ཞུ་དང་བཙོན་འཇུག་ནར་འགྱངས་ཀྱི་ཁྲིམས་ཐག་བཅད་པར་ཁས་ལེན་གྱིས་ཁོང་གསུམ་བཙོན་འཇུག་གི་ཁྲིམས་ཆད་འཁྱེར་མི་དགོས་པའི་ཐག་གཅོད་བྱས་ཡོད་པ་རེད།
ཧོང་ཀོང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་མའ་ཏོག་རླིས་ཀྱིས་བརྗོད་ན། སློབ་ཕྲུག་གསུམ་གྱི་གྱོད་དོན་དེའི་ནང་ཁྲིམས་ཁང་གོང་གིས་ཐག་གཅོད་བྱས་པ་བཞིན་དྲག་སྤྱོད་དང་ཁྲིམས་འགལ་གྱི་འདུ་འཛོམས་བྱས་ལུགས་ས་གནས་ཁྲིམས་ཁང་གི་ཉེས་བཙུགས་ཐད་ཆེས་མཐོའི་ཁྲིམས་ཁང་གིས་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའི་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་དེར་སྤྱི་འབངས་ཀྱིས་ཞུ་གཏུགས་སོགས་ཀྱི་ལས་འགུལ་རིགས་ཀྱིས་ནུས་པ་ཐོན་པ་ཞིག་མིན་ལུགས་གསལ་བཤད་བྱས་ཡོད་འདུག སློབ་ཕྲུག་གི་འགོ་ཁྲིད་གསུམ་པོར་ཧོང་ཀོང་ཁྲིམས་ཁང་གིས་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་རྒྱལ་སྤྱིའི་ཐོག་གླེང་སློང་དང་དོ་སྣང་ཤུགས་ཆེ་བྱུང་ཡོད་པ་དང་། ཁོང་གསུམ་ནི་ཧོང་ཀོང་གི་བདག་དབང་རྒྱ་ནག་གཞུང་གིས་རྩིས་ལེན་བྱས་ནས་ལོ་ངོ་ཉི་ཤུའི་ནང་ཆབ་སྲིད་ཀྱི་བཙོན་པ་ཐེངས་དང་པོ་ཆགས་ཡོད་པར་བརྟེན་ན་ནིང་ཕྱི་ཟླ་བརྒྱད་པའི་ཚེས་༢༠ཉིན་ཧོང་ཀོང་མི་མང་ཁྲི་བཅུ་ལྷག་ཙམ་གྱིས་ཁྲོམ་གཞུང་དུ་རྔམ་སྟོན་ཁྲོམ་བསྐོར་བྱས་ནས་ཧོང་ཀོང་ཁྲིམས་ཁང་གིས་སློབ་ཕྲུག་གསུམ་བཙོན་འཇུག་གི་ཁྲིམས་ཐག་བཅད་པར་ངོ་རྒོལ་ཡང་བྱས་ཡོད་པ་རེད།
གསར་འགོད་པ་འཆི་མེད།