རྒྱ་ནག་སྲིད་འཛིན་ལ་༡༩༨༩ཡི་དོན་རྐྱེན་དང་འབྲེལ་བའི་འདྲི་བ།
2012.07.07
༄༅༎ཧོང་ཀོང་གི་Apple Daily News ཞེས་པའི་གསར་འགྱུར་ལས་ཁང་དེའི་གསར་འགོད་པ་Rex Hon གྱིས། རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་ལ་ཕྱི་ལོ་༡༩༨༩་ཟླ་བ་༦་པའི་ཚེས་༤་ཉིན་བྱུང་བའི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་ཐོག་འདྲི་བ་བཏང་སྐབས། དེ་མ་ཉིད་དུ་ཉེན་རྟོག་པས་ཁྲིམས་མཐུན་མིན་པར་གསར་འགོད་པ་དོ་དམ་བྱས་པའི་གནད་དོན་གསར་འགྱུར་ལས་ཁང་གིས་གྲོང་ཁྱེར་གྱི་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་འདུག
དེ་ཡང་Apple Daily News ཞེས་རྒྱ་ནག་གི་སྐད་ཐོག་གསར་འགྱུར་འགྲེམས་སྤེལ་བྱེད་ཀྱི་ཡོད་ཅིང་། ཧོང་ཀོང་ས་གནས་སྲིད་གཞུང་གིས་འཛིན་སྐྱོང་བ་ལེ་ཁྲུན་ཡིང་དམ་འབུལ་མཛད་སྒོའི་དབུ་བཞུགས་སུ་སྲིད་འཛིན་ཧུ་ཅིན་ཏའོ་ཕེབས་ཡོད་པ་དང་། དེ་ནི་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་ཧོང་ཀོང་དབྱིན་ཇི་ནས་རྒྱ་ནག་ལ་རྩིས་སྤྲོད་བྱུང་ནས་ལོ་ངོ་༡༥་ཧྲིལ་པོ་འཁོར་བའི་དུས་ཚིགས་སྲུང་བརྩིའི་ཆེད་ཉིན་གསུམ་རིང་གཞུང་དོན་ཕྱོགས་ཕེབས་གནང་བ་རེད། ད་རེས་སྲིད་འཛིན་ཧུ་ཅིན་ཏའོ་ཉིན་གསུམ་རིང་ཧོང་ཀོང་དུ་གཞུང་དོན་ཕྱོགས་ཕེབས་ཀྱི་ཉིན་གཉིས་པར་Apple ཉིན་རེའི་གསར་ཤོག་ཅེས་པའི་གསར་འགོད་པས་སྐད་གསང་ཐོན་པོས་འདྲི་བ་བྱས་དོན། སྲིད་འཛིན་ཧུ་ཅིན་ཏའོ་ལགས། ཧོང་ཀོང་མི་མང་གིས་རྒྱ་ནག་གི་དྲུག་བཞིའི་ཐོག་ཐག་གཅོད་དེར་བསྒྱུར་བ་གཏོང་བའི་རེ་བ་བྱེད་ཀྱི་ཡོད་པ་རེད། ཁྱེད་ཀྱི་གསན་སོང་ངམ་ཞེས་འདྲི་བ་བཏང་སྐབས་དེ་མ་ཐག་ཏུ་ཉེན་རྟོག་པ་གསུམ་བཞི་ཡོང་སྟེ་ཁོང་སྐར་མ་བཅུའི་རིང་འཛིན་བཟུང་དོ་དམ་བྱས་འདུག སྲིད་འཛིན་ཧུ་ཅིན་ཏའོ་ཡིས་དྲི་བ་དེ་གསན་ཡོད་མེད་བརྗོད་དཀའ་ཡང་དམར་པོའི་སྒྲིག་འཛུགས་དམ་པོའི་འོག་ངོ་རྒོལ་གྱི་འདྲི་བ་གཏོང་ཐུབ་པ་དེ་ཧོང་ཀོང་བརྙན་འཕྲིན་ཐོག་རྒྱང་སྲིང་བྱས་ཡོད་པ་རེད། འོན་ཀྱང་ཨ་རིའི་བརྙན་འཕྲིན་CNN གྱིས་ཧུ་ཅིན་ཏའོ་ལ་མི་མང་གི་ངོ་རྒོལ་གནང་བའི་སྐོར་བསྟན་པ་དེ་དག་རྒྱ་ནག་ནང་དམ་དྲག་བྱས་ཏེ་མཐོང་རྒྱུ་མེད་པ་བཟོས་འདུག་གང་ལྟར་ཧོང་ཀོང་གི་གསར་འགོད་ཚོགས་པས་ཉེན་རྟོག་པས་གསར་འགོད་པ་དོ་དམ་བྱས་པར་སྐྱོན་བརྗོད་གནང་འདུག ཧོང་ཀོང་ནང་གསར་འགོད་རང་དབང་དང་འདུ་འཛོམས་བྱེད་ཆོག་པའི་རང་དབང་སོགས་ཡོད་སྟབས་། རྒྱ་ནག་སྐམ་ས་ཆེན་མོ་ནས་ཉེན་རྟོག་བྱ་དགོས་དོན་མིན་འདུག་ཅེས་གསར་འགོད་པས་གསུངས་གནང་འདུག ཧོང་ཀོང་མི་མང་གི་ངོ་རྒོལ་སྐད་འབོད་བྱུང་བར་བརྟེན་ཉེན་རྟོག་པས་གཡེར་མ་གཏོར་ཏེ་དབུགས་སུབ་བཏང་བ་དང་། འཛིན་བཟུང་དོ་དམ་སོགས་བྱས་ཏེ་ངོ་རྒོལ་བ་རྣམས་ཁ་འཐོར་བཏང་འདུག ཡང་རྒྱ་ནག་གི་སྲིད་འཛིན་བཞུགས་ཡུལ་མགྲོན་ཁང་མདུན་དུ་ངོ་རྒོལ་བ་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱས་ཏེ་ངོ་རྒོལ་སྐད་འབོད་གནང་ཡོད་ཅིང་།
རྒྱ་ནག་གི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་མང་གཙོའི་ལས་འགུལ་སྤེལ་མཁན་གྲས་མང་གཙོ་དོན་གཉེར་བ་ལི་ཝང་དབྱང་ཉེ་ལམ་སྨན་ཁང་དུ་དོགས་གཞིའི་འོག་རྐྱེན་འདས་སུ་གྱུར་པར་རྒྱ་ནག་གཞུང་གིས་ཞིབ་དཔྱོད་བྱེད་དགོས་ལུགས་ཧོང་ཀོང་ངོ་རྒོལ་བ་ཚོས་དགོས་འདུན་བཏོན་ཡོད་པ་རེད། མདོ་དོན་ཧོང་ཀོང་ཉེན་རྟོག་སྤྱི་ཁྱབ་པ་ཐེ་བས་ཉེན་རྟོག་པ་མི་གྲངས་ལྔ་ལ་ཁ་ཆུ་བཙུགས་འདུག།