ཨི་ཇིཔཏ་སྲིད་འཛིན་ཟུར་པས་ནག་ཉེས་ལ་ངོས་ལེན་མ་གནང་བ།
2011.04.10
༄༅༎བྭི་བྭི་སི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ ཟླ་བ་གཉིས་གོང་གནས་དབྱུང་བཏང་བའི་ཨི་ཇེཔཊའི་སྲིད་འཛིན་ཧོསེ་ནི་མུ་བྭ་རཀ་གིས་ཤརམ་ཨེལ་ཤའེཁ་ནས་ཨལ་ཨ་རྭ་བྭ་ཡི་བརྙན་འཕྲིན་ཐོག་གསུང་བཤད་གནང་བའི་ནང་ རང་ཉིད་ཀྱི་ཆེ་ཐོངས་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་ཡོད་པ་དང་ རྒྱལ་ཁབ་གཞན་མང་པོའི་ནང་རྒྱུ་ནོར་གསོག་འཇོག་བྱས་པ་སོགས་ནག་ཉེས་ངོས་ལེན་གནང་མེད་པའི་གནས་ཚུལ་སྤེལ་འདུག ང་དང་ངའི་ནང་མི་ཚོར་དྲང་བདེན་མི་ཡིན་པའི་སྐྱོན་བརྗོད་དང་ནག་ཉེས་བཙུགས་ཡོད་པ་དེར་ཧང་ཅང་བློ་ཕམ་ཡོད། སྐྱོན་བརྗོད་དང་ཉེས་འཛུགས་བྱེད་མཁན་ཚོས་ ངས་ཨི་ཇིཔཊའི་ཆབ་སྲིད་དང་དམག་དོན་ལོ་རྒྱུས་དང་མི་མང་ཚོར་ཡུན་རིང་ཞབས་འདེགས་ཞུས་པ་ནག་སྲུབ་ཀྱིས་ངའི་ཆེ་ཐོངས་ལ་དམའ་འབེབས་བྱེད་རྒྱུའི་ངན་ཇུས་བརྟིང་ཡོད་ཅེས་གསུངས་གནང་བ་དང་སྦྲགས་སུས་ཀྱང་ང་དང་ངའི་ནང་མིའི་ཆེ་ཐོངས་ཚོད་འཛིན་བྱས་ཀྱང་ཁྲིམས་སར་སྐྱེལ་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་འདུག དགུང་ལོ་༨༢ཡིན་པའི་སྲིད་འཛིན་ཟུར་པས་ཕྱིཟླ་གཉིས་པའི་ཚེས་བཅུ་ཉིན་རྒྱལ་ཡོངས་བརྙན་འཕྲིན་ཐོག་དགོངས་པ་ཞུ་རྒྱུ་མིན་པའི་ཐག་གཅོད་གནང་བ་རེད། འོན་ཀྱང་ཉིན་གཅིག་རྗེས་ཁོང་རྒྱ་མཚོ་དམར་པོ་(Red Sea)ཁུལ་ཡོད་པའི་ནང་ཁྱིམ་དུ་བྲོས་བྱོལ་དུ་བསྐྱོད་པ་རེད།།