ཤོག་དཀར་ལས་འགུལ་སྐབས་འཛིན་བཟུང་བྱས་བ་རྣམས་གློད་འགྲོལ་གཏོང་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་བྱས་འདུག

2023.01.26
ཤོག་དཀར་ལས་འགུལ་སྐབས་འཛིན་བཟུང་བྱས་བ་རྣམས་གློད་འགྲོལ་གཏོང་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་བྱས་འདུག པེ་ཅིང་དུ་ཤོག་དཀར་ལས་འགུལ་སྐབས། ༡༡།༢༧།༢༠༢༢
AP

དེ་ཡང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཕྱི་ཟླ་༡ཚེས་༢༦ཉིན་གསལ་བསྒྲགས་སྤེལ་བའི་ནང་། སྔ་ལོ་ཕྱི་ཟླ་༡༡པའི་ནང་རྒྱ་ནག་ནང་རང་དབང་གི་ཆེད་ཤོག་དཀར་ལས་འགུལ་གྱི་ངོ་རྒོལ་ནང་མཉམ་ཞུགས་བྱས་རྐྱེན་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རྣམས་གློད་འགྲོལ་དང་ཉེས་འཛུགས་བྱས་པ་ཁག་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། རྒྱ་ནག་གི་དབང་འཛིན་པའི་ཕྱོགས་ནས་ཁྲིམས་རྩོད་པ་དང་ངོ་རྒོལ་ནང་མཉམ་ཞུགས་བྱེད་མཁན་རྣམས་ལ་བསུན་གཙེར་བཟོ་བ་དང་། དེ་བཞིན་སྤྱི་ཚོགས་དྲྭ་ལམ་དུ་ངོ་རྒོལ་དང་འབྲེལ་བའི་གནས་ཚུལ་ཞིབ་བཤེར་བྱེད་བཞིན་པའི་རིགས་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག
༢༠༢༢ཕྱི་ཟླ་༡༡པའི་ནང་། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཧྲང་ཧེ་དང་། པེ་ཅིན། ཁྲིན་ཏུའུ། ཝུའུ་ཧན་བཅས་ཀྱི་ཁྲོམ་གཞུང་དུ། རྒྱ་ནག་གཞུང་གི་ཏོག་དབྱིབས་རིམས་ནད་རྩ་མེད་བཟོ་བ་ཟེར་བའི་སྲིད་ཇུས་དང་འབྲེལ་བའི་དམ་དྲག་བཀག་རྒྱ་ལ་ངོ་རྒོལ་བྱས་པ་དང་། དུས་མཚུངས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་གཅིག་སྡུད་ལ་ཁ་རྡུང་གཏོང་བཞིན་ལག་ཏུ་ཤོག་དཀར་བཟུང་ནས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ་དང་། ང་ཚོར་རང་དབང་དགོས། དམར་ཤོག་ཚོགས་པ་ཕམ་པར་ཤོག་ཅེས་པ་ལ་སོགས་པའི་འབོད་ཚིག་བསྒྲགས་ཡོད་པ་རེད། དེ་ལྟར་རྒྱ་ནག་ནང་གཞོན་སྐྱེས་རྣམས་ཀྱིས་ཉེན་ཁར་མ་འཛེམ་པར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ། སྐད་འབོད་བྱས་པ་དེས་ད་ཆ་དྲག་གནོན་གྱི་དཀའ་སྡུག་མྱངས་དགོས་པ་ཆགས་ཡོད་སྟབས། འཛམ་གླིང་གི་ས་ཕྱོགས་གང་སའི་གཞུང་སོ་སོ་དང་། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་ལ་འབོད་སྐུལ་གྱིས་བཀག་ཉར་འོག་ཡོད་པ་རྣམས་གང་མགྱོགས་གློད་བཀྲོལ་ཡོང་བར་རྒྱབ་སྐྱོར་གནང་རོགས་ཞེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྐོར་གྱི་མཐོ་རིམ་ཉམས་ཞིབ་པ་ཡཱ་ཆིས་ཝང་གིས་བརྗོད་འདུག

IMG_3200.JPG
རྒྱ་ནག་ནང་ཤོག་དཀར་ལས་འགུལ་གྱི་ངོ་རྒོལ་དེ་ཤིན་ཅང་གི་ཝུའུ་རོམ་མོའུ་ཆིས་གྲོང་ཁྱེར་གྱི་ཐོག་བརྩེགས་ཅན་གྱི་སྡོད་ཁང་ཞིག་ལ་མེ་སྐྱོན་བྱུང་སྐབས། གཞུང་གི་དམ་དྲག་སྲིད་ཇུས་འོག་མི་མང་ཚོ་སོ་སོའི་སྡོད་གནས་ནས་ཕྱིར་ཐོན་མ་ཆོག་པ་དང་། དེ་ལ་བརྟེན་མྱུར་སྐྱོབ་མ་ཐུབ་པར་ཉུང་མཐར་མི་བཅུའི་ཚེ་སྲོག་ཤོར་བ་ལ་བརྟེན་ནས་བྱུང་ཡོད་པ་རེད།


གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎