བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པར་མུ་མཐུད་དུ་དཀའ་སྡུག་མྱོང་བཞིན་ཡོད་པ་གསལ་སྟོན།

2020.12.10
བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པར་མུ་མཐུད་དུ་དཀའ་སྡུག་མྱོང་བཞིན་ཡོད་པ་གསལ་སྟོན། སྤྱི་ནོར་༧གོང་ས་མཆོག་གི་འཁྲུངས་ཡུལ་སྟག་འཚེར་རུ་རྒྱ་ནག་གི་ཉེན་རྟོག་པ་དང་འགག་སྒོ ༣།༩།༢༠༡༩
REUTERS

རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པར་བོད་མི་སྟོང་ཕྲག་ལྷག་རྒྱའི་བཙོན་འོག་དཀའ་སྡུག་མྱོང་བཞིན་ཡོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསལ་སྟོན་གནང་འདུག
ཕྱི་ཟླ་༡༢ཚེས་༡༠ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ཉིན་མོ་ཡིན་པས། འཛམ་གླིང་ས་གནས་གང་སར་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། རྒྱ་གར་རྡ་རམ་སཱ་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ནས་འཛམ་གླིང་འདིའི་ནང་གི་མི་ཚང་མའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། གོང་འཕེལ་གཏོང་ཐབས་ལ་འབད་དགོས་པ་དང་། བོད་ནང་ཆ་མཚོན་ན་བོད་མི་སྟོང་ཕྲག་མང་པོ་རྒྱ་ནག་གཞུང་གི་བཙོན་འོག་དུ་རང་དབང་གང་ཡང་མེད་པར་དཀའ་སྡུག་མྱོང་བཞིན་ཡོད་པ་གསལ་བཤད་དང་། ཕྱི་ལོ་༢༠༢༠འདིའི་ནང་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ནང་བོད་མི་བཅུ་བཞི་ཙམ་ཞིག་གང་བྱུང་འཛིན་བཟུང་དང་། བཀག་ཉར་ཁྲིམས་ཐག་བཅད་པ་སོགས་བོད་མིའི་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། ཆབ་སྲིད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་བཏང་དང་གཏོང་བཞིན་པ་ལྟེ་གནས་ཁང་དེའི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།

ད་དུང་ཁོང་གིས། ཕྱི་ལོ་༢༠༢༠ལོ་ཅིག་པུའི་ནང་རྒྱ་ནག་གཞུང་གིས་བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་དང་གར་སོང་ཆ་མེད་དུ་གྱུར་བ། ཁྲིམས་ཐག་བཅད་པ་དེ་དག་གིས་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་ཅིང་། འོན་ཀྱང་རྒྱ་ནག་གཞུང་གིས་མིང་དང་ནག་ཉེས་འདྲ་མིན་གྱི་ཐོག་ནས་བོད་མིའི་ཐོག་དམ་དྲག་དང་དཀའ་ངལ་སྤྲོད་ཀྱི་ཡོད་པ་གསུངས་ཤིང་། ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། བོད་ནང་གསར་འགྱུར་བརྒྱུད་ལམ་ཁག་ནི་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་སྟབས། དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུར་ཧ་ལས་པའི་དཀའ་ངལ་གསལ་བཏོན་གྱིས་གསར་འགྱུར་དང་སྨྲ་བརྗོད་རང་དབང་མེད་པ་འགྲེལ་བརྗོད་གནང་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཕྱི་ནང་གི་འབྲེལ་ལམ་ཐོག་དམ་དྲག་ཆེན་པོ་བྱེད་བཞིན་པའི་གནས་སྟངས་འོག་དེང་སྐབས་བོད་ནང་བྱུང་བའི་གནས་ཚུལ་ཁག་གཅིག་དུས་ཡུན་ལོ་གཅིག་གམ་ཡང་ན་ཟླ་བ་འགའ་ཤས་རྗེས་མ་གཏོགས་ཤེས་རྟོགས་ཡོང་གི་མེད་པ་གསུངས་ཡོད་པ་རེད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་ནག་གཞུང་ལ་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་གྲོལ་དགོས་པ་དང་། བོད་ནང་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་དགོས་པ། རྒྱ་ནག་གཞུང་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ཡིན་པའི་ཆ་ནས་རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་གི་ཁྲིམས་ཡིག གར་སོང་ཆ་མེད་གྱུར་བ་རྣམས་ལ་སྲུང་སྐྱོབ་དགོས་པའི་ཁྲིམས་གཞི་ཁག་ལག་བསྟར་དང་སྲུང་བརྩི་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཉུང་མཐར་བོད་ནང་ད་ལྟའི་ཆར་ཤེས་རྟོགས་ཡོད་པའི་ཆབ་སྲིད་བཙོན་པ་ལྔ་སྟོང་ལྷག་ཡོད་པ་དང་། དེའི་ནང་ནས་ཉིས་སྟོང་ལྷག་ཙམ་ཞིག་གི་གནས་སྟངས་ཁ་གསལ་གང་ཡང་ཤེས་རྟོགས་མེད་པར་ལྷག་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎