བོད་དོན་ཐུགས་འཚབ།
2013.03.21

༄༅། །ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོརྒ་ཏུ་རྟེན་གཞི་བྱེད་པའི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འགན་འཛིན་ལྕམ་སོ་ཕི་ རི་ཅདྲ་སན་Sophie Richardson མཆོག་གིས་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཡུའུ་ཀྲེང་ཧྲེང་གི་མིང་ཐོག བོད་རང་སྐྱོང་ལྗོངས་ཁུལ་ཚེས་བདུན་ཉིན་འཁོད་པའི་ལས་བསྡོམས་ནང་འཁོད་པ་གཞིར་བཟུང་དམ་བསྒྲགས་ཇེ་ཤུགས་ཆེ་རུ་གཏོང་རྒྱུའི་ཁྲིམས་གཞི་དེ་དག་ཁྱོན་ཡོངས་སུ་ལག་བསྟར་ནན་པོ་བྱེད་དགོས་ལུགས་བཤད་ཡོད་པ་རེད། ཁྲིམས་གཞི་དེའི་ནང་། བོད་རང་སྐྱོང་ལྗོངས་ཁུལ་དེ་སྔ་ལས་ལྷག་པའི་རྟོག་ཞིབ་སོ་ལྟ་བྱེད་རྒྱུའི་པར་ཆས་དང་། གཟུགས་མཐོང་བརྙན་པར་རིགས་འཛུགས་དགོས་པས་མ་ཟད། དམིགས་བསལ་ཆབ་སྲིད་བཙོན་པ་ཟུར་པ་དང་། བཙན་བྱོལ་ནས་ཕྱིར་ལོག་པའི་བོད་མི། དེ་བཞིན་དོགས་གཞི་ཡོད་པའི་མི་སྣ་སོགས་ཀྱི་ཐོག་དོགས་ཟོན་དང་རྟོག་ཞིབ་བྱེད་དགོས་ལུགས་བཤད་ཡོད་པ་རེད། དེས་ད་དུང་བོད་མི་ཚོའི་ཐོག་དམ་བསྒྲགས་དང་དྲག་གནོན་ཆེ་རུ་འགྲོ་ཡི་ཡོད་སྟབས། བོད་མི་ཚོའི་ཚོར་སྣང་དང་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་དྲག་གནོན་དང་དམ་བསྒྲགས་ཤུགས་ཆེ་རུ་བཏང་བ་དེ་ནི་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། འདུ་འཛོམས་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་རྒྱུ་ལས་ཡོད་མ་རེད་ཅེས་གསུངས་ནས་ཐུགས་འཚབ་དང་སྦྲགས། རྒྱ་ནག་གཞུང་གི་སྲིད་བྱུས་འཛིན་ཕྱོགས་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།།