བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་རང་དབང་ལ་དམ་དྲག་བྱེད་བཞིན་པའི་སྐོར། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ ༢༠༢༣ ལོའི་སྙན་ཐོ་རུ་འཁོད་པ།

2024.01.12
བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་རང་དབང་ལ་དམ་དྲག་བྱེད་བཞིན་པའི་སྐོར། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ ༢༠༢༣ ལོའི་སྙན་ཐོ་རུ་འཁོད་པ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོ་དང་བོད་ནང་གི་པར་རིས།
སྒྲིག་བཟོ།

ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ལོ་རེ་བཞིན། རྒྱལ་སྤྱིའི་ཁྱོན་དུ་གཞུང་སྒེར་གང་ཅིའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་དྲག་གནོན་གྱི་གནས་ཚུལ་ཐོག་ཞིབ་འཇུག་གི་ལོ་འཁོར་སྙན་ཐོ་འདོན་སྲོལ་ཡོད་པ་ལྟར། སྔ་ལོ་སྤྱི་ལོ་ ༢༠༢༣ ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་དང་སྦྲགས། སྤྱི་ཟླ་ ༡ཚེས་ ༡༢ ཉིན་ཐེ་ལཎ་ཌའི་རྒྱལ་ས་བྷན་ཀོག་ཏུ་གསར་འགོད་ལྷན་ཚོགས་ཤིག་འཚོགས་པའི་སར། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡའི་མངའ་ཁུལ་གྱི་འགན་འཛིན་ Elaine Pearson ལགས་ནས། རྒྱ་ནག་ཏུ་ལོ་བཅུ་ཕྲག་གཅིག་ལྷག་གི་རིང་ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་སྟེ། སྤྱི་ཚོགས་ནང་དམ་དྲག་དང་དྲག་གནོན་གྱི་གནས་ཚུལ་ཚབས་ཇེ་ཆེར་བཏང་ཡོད་པ་མ་ཟད། ཞིན་ཅང་ནང་མངོན་གསལ་དོད་པོའི་སྒོ་ནས་མི་རིགས་རྩ་མེད་ཀྱི་ནག་ཉེས་བསགས་ཡོད་པའི་མཚོན། བོད་ནང་གཞི་རྩའི་རང་དབང་ལ་དམ་དྲག་དང་དྲག་གནོན་ཚབས་ཆེན་དང་། རྒྱ་ནག་དམར་པོའི་དབང་སྒྱུར་ལ་ཉེན་ཁ་ཡོད་པའི་ཆོས་ལུགས་དང་རིག་གཞུང་གང་ཅིར་ཡང་། རིག་གཞུང་རྩ་གཏོར་དང་ཆོས་ལུགས་དད་མོས་ལ་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་ཡོད་ཅེས་གསལ་སྟོན་གནང་ཡོད་ཅིང་།

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་གསར་འགོད་པས་། སྲིད་འཛིན་ཞི་ཅིན་ཕིན་གྱི་དབང་སྒྱུར་སྐབས་བོད་ནང་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་གནས་སྟངས་ཐད་དྲི་བ་ཞུས་པར། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཀྱི་ཨེ་ཤེ་ཡའི་འགན་འཛིན་ Elaine Pearson ལགས་ནས། བོད་དང་ཞིན་ཅང་ནང་ཆོས་ལུགས་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་གྱིས། ཆོས་ལུགས་ཀྱི་ངོ་བོ་བསྒྱུར་བ་དང་ཆོས་ལུགས་དྲག་གནོན་ཚབས་ཆེན་བྱེད་བཞིན་པ་ཐོ་འགོད་བྱས་ཡོད་པ་དང་། ཉེ་ལམ་ཨ་མི་རི་ཀའི་ Thermo Fisher བཟོ་ཚོང་ཁང་ནས་རྒྱ་ནག་ཉེན་རྟོག་པར་འཕྲུལ་ལས་དེ་ཚོང་སྒྱུར་མཚམས་འཇོག་གནང་བ་ནི། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ལོ་འགའ་ཤས་ཀྱི་རིང་བོད་ནང་རྒྱ་ནག་ཉེན་རྟོག་པས་བོད་མིའི་འདོད་མོས་ཡོད་མེད་ལ་མ་ལྟོས་པར། བོད་མིའི་རིགས་རྫས་བསྡུ་རུབ་བྱས་པ་གསལ་སྟོན་གྱིས་ཕན་འབྲས་སོན་པ་དང་མཚུངས། བོད་ཙམ་མིན་པར་རྒྱ་ནག་རྒྱལ་ཡོངས་སུ་གནས་ཚུལ་དེ་རིགས་ལྷག་གི་ཡོད་པ་དང་། གང་ལྟར་གནས་ཚུལ་འདིའི་ཐོག་ནས་རྒྱ་ནག་གཞུང་ལ་ཐད་ཀར་གནོན་ཤུགས་མི་འགྲོ་བའི་སྐབས། རྒྱ་ནག་ནང་གི་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཆེན་པོ་རྣམས་བེད་སྤྱོད་བཏང་ན་རྒྱ་ནག་ནང་མི་སེར་དཀྱུས་མའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་སུ་འགྲོ་རྒྱུར། སྐབས་རེར་ཕན་ཐོགས་འབྱུང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་ལ།

5.png

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་བོད་ཀྱི་ས་ཁུལ་ཁག་ནང་ཆོས་དད་དང་གཏམ་བརྗོད། འགྲོ་འདུག་དང་འདུ་འཛོམས་ཀྱི་རང་དབང་ཐོག་སྤྱི་ལོ་ ༢༠༢༣ ལོར་རྒྱ་ནག་གིས་དམ་དྲག་ཤུགས་ཆེ་བྱས་པའི་ཁར། བོད་ནང་འབྲོག་པ་གནས་སྤོས་དང་ཁོར་ཡུག་སྲུང་སྐྱོབ། སྐད་ཡིག་རྩ་མེད་བཟོ་བཞིན་པའི་གནས་ཚུལ་བཅས་ཀྱི་ཐོག་སྐད་ཆ་བཤད་མཁན་ཚོར་འཕྲལ་དུ་དྲག་གནོན་དང་། ཁྲིམས་བརྩི་དགོས་པ་དང་ཉེན་རྟོག་པར་གནས་ཚུལ་མཁོ་སྤྲོད་བྱས་ན་བྱ་དགའ་སྤྲོད་པ། ཕྱི་རྒྱལ་ལ་འབྲེལ་པ་ཡོད་པ་ཚོ་འཛིན་བཟུང་བྱས་ཏེ་དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་འཛིན་བཟུང་གིས། སྤྱི་ལོ་ ༢༠༢༣ ལོར་བཙོན་ཁང་དུ་འདས་གྲོངས་གྱུར་པ་སོགས་འཁོད་ཡོད་ཅིང་།

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས་ཀྱང་། སྤྱི་ལོ་ ༢༠༢༣ ལོ་ནི་སྤྱི་ཡོངས་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཏེ། གཏན་འཇགས་སློབ་གྲྭར་རྒྱ་ནག་དམར་པོའི་སློབ་གསོ་སྤེལ་བའི་ཛ་དྲག་གནས་ཚུལ་སོགས་གང་ཅིའི་ཐད་ནས། བོད་རྩ་མེད་ཀྱི་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་པར་བརྟེན། དེ་ཚོ་ལ་ང་ཚོས་གདོང་ལེན་བྱ་དགོས་ཀྱི་གནས་སྟངས་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

6.1.png

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤྱི་ལོ་ ༢༠༢༣ ལོར་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་། སྤྱི་ལོ་ ༢༠༢༣ ལོར་མགོ་ལོག་བ་ཡན་དགོན་པའི་དགེ་འདུན་པ་ཚོར་ཁ་བྲལ་ལ་ངོ་རྒོལ་དང་། རྒྱ་ནག་གཅིག་གྱུར་ཁས་ལེན་དགོས་པའི་ས་ཡིག་བརྒྱབ་བཅུག་ཡོད་པ་དང་། སྤྱི་ཟླ་ ༡༡ པའི་ནང་རྒྱ་ནག་གཞུང་གིས་ཐེ་བོ་བཀྲ་ཤིས་དགོན་པའི་དགེ་འདུན་པ་དཀོན་མཆོག་གྲགས་པ་འཛིན་བཟུང་བཙན་ཁྲིད་བྱས་པ། སྤྱི་ཟླ་ ༡༢ པའི་ནང་དགའ་ལྡན་ལྔ་མཆོད་ལ་ལྷ་སའི་ནང་ཞིབ་བཤེར་དམ་དྲག་ཤུགས་ཆེ་བྱས་པ་དང་། སྤྱི་ཟླ་གསུམ་པའི་ནང་དབྱངས་མཚོ་ལགས་ནས་ཕྱི་རྒྱལ་ལ་འབྲེལ་བ་བྱས་ལུགས་ཀྱིས་འཛིན་བཟུང་བྱས་པ། སྤྱི་ཟླ་ ༢ པའི་ནང་ལི་ཐང་དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་བཙོན་ཁང་དུ་འདས་གྲོངས་ཕྱིན་པ་དང་། སྤྱི་ཟླ་ ༡ ནང་བོད་མི་གཞོན་སྐྱེས་དཔལ་མགོན་ལགས་ནས་ཕྱི་རྒྱལ་ལ་འབྲེལ་ཡོད་ལུགས་ཀྱིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎