བོད་རང་སྐྱོང་ལྗོངས་ནི་གསང་ཞིབ་མྱུལ་ལྟའི་སྤྱི་ཚོགས་ཤིག་ཏུ་བཟོས་ཡོད།
2017.06.03

༄༅། །ཀེ་ན་ཌ་དང་རྒྱ་ནག་དབར་སྒོ་ཁྲལ་མེད་པའི་ཚོང་དོན་གྲོས་མཐུན་ཞིག་འཇོག་རྒྱུའི་གནས་ཚུལ་བྱུང་བཞིན་པའི་སྐབས་འདིར། ཨ་རིའི་ནང་རྟེན་གཞི་བྱེད་པའི་ Human Rights Watch འམ་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པས་རྒྱ་ནག་དང་ཚོང་ལས་ཀྱི་གྲོས་མཐུན་འཇོག་སྐབས། ངེས་པར་དུ་གྲོས་མཐུན་གྱི་བརྗོད་ཚིག་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དགོས་པ་དེ་འཁོད་དགོས་ལུགས་ཀེ་ན་ཌའི་གཞུང་ལ་ཤོག་གྲངས་ལྔ་ཅན་གྱི་བསམ་འཆར་ཞིག་ཕུལ་ཡོད་པ་དེའི་ནང་འཁོད་འདུག
བསམ་འཆར་ཡིག་ཆ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པས། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་པའི་ཚད་གཞི་ཧ་ཅང་དམའ་པོ་ཡིན་པ་དང་། ཁྲིམས་ཀྱི་སྐྱོང་བའི་ལམ་ལུགས་དང་། དོན་མེད་འཛིན་བཟུང་བྱེད་མི་ཆོག་པ། བསམ་ཚུལ་སྤེལ་བའི་རང་དབང་། དྲ་རྒྱ་ལོངས་སུ་སྤྱོད་ཆོག་པའི་རང་དབང་སོགས་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡིན་པས། རིན་ཐང་དེ་དག་གཞི་ལ་བཞག་པའི་ཐོག་ནས་ཚོང་ལས་མཉམ་འབྲེལ་གྱི་ལས་དོན་སྤེལ་ཐུབ་པ་ཡིན་ན། ཚོང་ལས་གྲོས་མཐུན་ལམ་ལྷོངས་ལྡན་པ་ཞིག་ཏུ་ངོས་འཛིན་ཐུབ་པ་ཡོང་རྒྱུ་ཡིན་པ་བརྗོད་འདུག
འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པས་ཀེ་ན་ཌའི་གཞུང་ལ་ཕུལ་བའི་ཡིག་ཆ་དེའི་ནང་། རྒྱ་ནག་ནང་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ཚད་ལྡན་མེད་པ་དང་། ཕྱི་མི་གང་བྱུང་འཇུ་བཟུང་གི་གར་སོང་ཆར་མེད་བཟོ་བ། གྲངས་ཉུང་མི་རིགས་ཚོར་སྡང་ཟུག་དང་ཁོང་ཚོའི་ཆོས་དད་ལ་རྩིས་མེད་བཏང་པ། ཞི་བའི་མི་སེར་གྱི་སྤྱི་ཚོགས་ཐོག་རྡུང་རྡེག་བཏང་པ། དྲ་རྒྱའི་བདེ་འཇགས་ཀྱི་མིང་གི་ཐོག་ནས་དྲ་རྒྱ་ལོངས་སུ་སྤྱོད་རྒྱུར་དམ་དྲག་བྱེད་བཞིན་པ་དེ་དག་ལ་གཞིགས་ཚེ། ཚད་གཞི་ལོངས་པའི་ཚོང་ལས་ལ་དགོས་ངེས་ཆེ་བ། ཕྱི་གསལ་ནང་གསལ་དང་འགན་འཁྲི་ཡོད་པ། རང་དབང་གི་གནས་ཚུལ་འགྲོ་རྒྱུགས་སོགས་མེད་པ་ཆགས་རྒྱུ་ཡིན་ཞིང་། གནས་སྟངས་དེའི་འོག་རྒྱ་ནག་ནང་ཀེ་ན་ཌའི་ཚོང་ལས་འཕེལ་རྒྱས་འགྲོ་རྒྱུ་ཧ་ཅང་ཁག་པོ་ཡིན་པའི་བསམ་འཆར་བཏོན་འདུག
ལྷག་པར་དུ་བསམ་འཆར་ཡིག་ཆ་དེའི་ནང་། རྒྱ་ནག་གིས་ཝི་གུར་ཤིན་ཅང་མི་རིགས་དང་བོད་མིའི་ཐོག་དྲག་གནོན་ཆེན་པོ་བྱེད་བཞིན་པའི་གནས་ལུགས་ཟུར་བཏོན་བྱས་འདུག་ཅིང་། དཔེར་ན་བོད་ལྟ་བུར་མཚོན་ན། ཕྱི་ལོ་ ༢༠༠༨ ལོར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེ་བྱས་པའི་གནས་ཚུལ་བྱུང་རྗེས། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་འདི་ནི་གསང་ཞིབ་མྱུལ་ལྟའི་སྤྱི་ཚོགས་ཤིག་བཟོས་ཏེ། དེ་སྔ་བྱུང་མྱོང་མེད་པ་བོད་མི་མང་ཚོགས་ཀྱི་ཁང་ཁྱིམ་དང་། ཁོང་ཚོའི་ཉིན་རེའི་མི་ཚེ། སྐབས་འགར་ཁོང་ཚོའི་བསམ་བློ་ཚུན་ཆད་ལ་ཞིབ་ལྟ་དང་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་པའི་སྐོར་བཀོད་འདུག་ལ། དེ་བཞིན་རྒྱ་ནག་གཞུང་གིས་བླ་རུང་སྒར་གི་ཆོས་སྒར་གྱི་ཆ་ཤས་གཏོར་བཤིག་བཏང་པ་དང་གྲྭ་བཙུན་ཕྱིར་འབུད་བྱས་ཏེ་བསམ་བློའི་སློབ་གསོའི་ལས་འགུལ་ནང་ཞུགས་སུ་བཅུག་པ་དང་། བོད་ཀྱི་ས་གནས་མང་པོའི་ནང་བོད་ཕྲུག་ཚོས་རྒྱ་སྐད་རྒྱབ་དགོས་པའི་བཙན་བཀའ་གཏོང་བཞིན་པ་སོགས་ཀྱི་གནས་ཚུལ་ཁག་ཀྱང་ལུང་འདྲེན་བྱས་འདུག།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།