ཤི་རི་ལང་ཀའི་བྱང་ངོས་སུ་ཞི་བའི་མི་སེར་མང་པོའི་སྲོག་ཤོར་བ།
2009.05.11
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤི་རི་ལང་ཀའི་བྱང་ངོས་སུ་ཞི་བའི་མི་སེར་མང་པོའི་ཚེ་སྲོག་ཤོར་བའི་གནས་སྟངས་དེ་མི་གསོད་ཁྲག་སྦྱོར་གྱི་གནས་སྟངས་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཤི་རི་ལང་ཀའི་རྒྱལ་ས་ཀོ་ལོམ་སྦོ་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་གོར་ཌེན་ལྦའེ་སི་ཡིས་གཟའ་འཁོར་སྔོན་མའི་གཟའ་མཇུག་ནང་ཡུལ་གྱི་བྱང་ཕྱོགས་སུ་ཞི་བའི་མི་སེར་མང་པོའི་ཚེ་སྲོག་ཤོར་བའི་ཁོངས་ཕྲུ་གུ་བུ་ཕྲུག་བརྒྱ་ལྷག་གི་ཚེ་སྲོག་ཤོར་སྐོར་གསུངས་འདུག
ཡུལ་གྱི་དམག་འཐབ་བྱེད་སའི་ས་ཁུལ་ནང་ལས་ཀ་བྱེད་མཁན་གྱི་སྨན་པ་ཞིག་གིས་རེས་གཟའ་ཉི་མའི་ཉིན་ས་ཁུལ་དེར་ཞི་བའི་མི་སེར་༣༧༨ཡི་ཚེ་སྲོག་ཤོར་སྐོར་གསུངས་འདུག རེས་གཟའ་ཉི་མའི་ཉིན་ཊ་མིལ་སྟག་བཅིངས་བཀྲོལ་ཚོགས་པའི་དམག་དོན་མགྲིན་ཚབ་པ་ཨི་ལེན་ཐི་ར་ཡན་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པ་ཚོགས་པ་དེར་རྒྱབ་སྐྱོར་བྱེད་མཁན་གྱི་གནས་འཕྲིད་དྲ་རྒྱ་ཊ་མིལ་ནེཏ་ཡིས་གནས་ཚུལ་བཀོད་ཡོད་པ་རེད། ཤི་རི་ལང་ཀའི་བདེ་སྲུང་ལྷན་ཁང་གིས་བདུན་སྔོན་མར་ཊ་མིལ་སྟག་བཅིངས་བཀྲོལ་ཚོགས་པའི་མཚོ་ཐོག་གི་དཔོན་རིགས་མཐོ་གྲས་ཤིག་གི་ཚེ་སྲོག་ཡང་ཤོར་སྐོར་གསུངས་ཡོད་པ་རེད། གོང་ཞུས་ཤི་རི་ལང་ཀའི་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་གོར་ཌེན་ལྦའེ་སི་ཡིས་ཤི་རི་ལང་ཀའི་དམག་འཁྲུག་དེར་ཞི་བའི་མི་སེར་མང་པོའི་ཚེ་སྲོག་ཤོར་བའི་ཉེན་ཁ་ཡོད་པ་དེ་དེ་སྔོན་ནས་བརྗོད་པ་ཡིན་ཞེས་གསུངས་འདུག ཤི་རི་ལང་ཀའི་བྱང་ངོས་ཀྱི་དམག་འཁྲུག་རྒྱབ་ཡུལ་དེར་ཞི་བའི་མི་སེར་༥༠༠༠༠༠ལྷག་ཀི་ལོ་མི་ཊར་གྲུ་ཞི་མ་གསུམ་གྱི་སའི་བར་གནས་སུ་ལྷག་ཡོད་པའི་གནས་ཚུལ་ཐོན་བཞག།