བསམ་ཡུལ་ལས་འདས་པའི་དྲག་སྤྱོད།
2013.01.18
༄༅། ། ཟླ་བ་འདིའི་ཚེས་ ༡༦ ཉིན་ཁེ་ན་ཌའི་ནང་རྟེན་གཞི་བྱས་པའི་བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པས་གོ་སྒྲིག་གནང་པའི་ཚོགས་འདུ་དེར་ཁེ་ན་ཌ་བོད་ཀྱི་གྲོགས་པོ་ཚོགས་པའི་འགན་འཛིན་གདན་ཞུ་གནང་ཡོད་པ་རེད། སྐབས་དེར་ཁོང་གིས་དེང་སང་བོད་ནང་གི་ཛ་དྲག་གནང་སྟངས་སྤྱི་དང་། ཡང་སྒོས་རང་ལུས་མེར་སྲེག་བཏང་པའི་སྐོར་ཚོགས་འདུའི་ཐོག་ངོ་སྤྲོད་གནང་བའི་སྐབས། བོད་ནང་ལ་ཆ་མཚོན་ན། རྒྱ་ནག་གཞུང་ནས་བོད་ནང་ལྷ་ཡུལ་ལྟ་བུར་འཛུགས་སྐྲུན་བྱས་ཡོད་ཚུལ་ཤོད་བཞིན་ཡོད། འོན་ཀྱང་ད་ཕན་བོད་ནང་བོད་མི་ ༩༧ ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད། རྒྱ་ནག་གཞུང་ཕྱོགས་ནས་བོད་མིའི་ཆབ་སྲིད་ཀྱི་རང་དབང་ཙམ་མ་ཟད། རིག་གཞུང་རྩ་བརླག་བཏང་བ། ཆོས་དད་ལ་དྲག་གནོན་བྱས་པ། དེ་བཞིན་བོད་མིའི་འགྲོ་སྡོད་སྤྱོད་གསུམ་ལ་དམ་བསྒྲགས་བྱས་པར་བརྟེན་ནས་གནས་ཚུལ་དེ་དག་བྱུང་བའི་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་རེད།།