རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བྱེད་དགོས་པའི་སྐད་འབོད།
2015.12.10
དེ་ཡང་འདི་ཚེས་༡༠རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར། ནེའུ་ཛི་ལན་ཊི་ནང་གི་གྲོང་ཁྱེར་འགའ་ཤས་ནང་བོད་མི་དང་བོད་ཀྱི་གྲོགས་པོ་ཚོས་དེ་ཁུལ་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བོད་དོན་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། དེ་བཞིན་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡང་བོད་རིགས་དང་། ཤར་ཏུར་ཀི་སི་ཐན། དེ་བཞིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་ཀྱིས། རང་དབང་དང་དམངས་གཙོར་རྒྱབ་སྐྱོར་བྱ་མཁན་རྒྱལ་སྤྱིའི་གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག་ནས། རྒྱ་ནག་གཞུང་ལ་དྲག་གནོན་དང་དམ་དྲག་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་གནང་དགོས་པའི་སྐུལ་མ་གནང་འདུག
དེ་ནི་སྤྱི་ཟླ་༡༢ཚེས་༡༠རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩིའི་མཛད་རིམ་ནང་། རྒྱལ་ས་ལོན་ཊོན་དུ་བོད་རིགས་དང་། ཤར་ཏུར་ཀི་སི་ཐན་དེ་བཞིན་རྒྱ་རིགས་བཅས་ལས་གྲུབ་པའི་ཟུང་འབྲེལ་གྱི་གདུང་སེམས་མཉམ་སྐྱེའི་ལས་འགུལ་ཚོགས་པའི་གོ་སྒྲིག་འོག་རྒྱལ་སའི་ནང་མར་མེའི་ཁྲོམ་སྐོར་གནང་འདུག
གོང་གསལ་གདུང་སེམས་མཉམ་སྐྱེའི་ལས་འགུལ་ཚོགས་པས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་། འདི་ལོ་༢༠༡༥ལོར། བོད་དང་ཤར་ཏུར་ཀི་སི་ཐན། དེ་བཞིན་རྒྱ་ནག་བཅས་པའི་ནང་འཚེ་མེད་ཞི་བའི་ལམ་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་མུ་མཐུད་སྤེལ་ཡོད་པ་དང་། དེ་དག་ཐོག་རྒྱ་ནག་གཞུང་ནས་བཟང་ཕྱོགས་ཀྱི་ཡ་ལན་བསམ་ཞིབ་བྱ་རྒྱུའི་ཚབ་ཏུ། འགྲུལ་སྐྱོད་དང་འབྲེལ་གཏུགས་ཀྱི་རང་དབང་བཀག་བསྡོམས་བྱེད་པ་དང་། ཆབ་སྲིད་མི་སྣ་དོ་དམ་འཛིན་བཟུང་། བཙོན་ཁང་ནང་སྲོག་ཐོག་བཏང་བ་སོགས་དམ་དྲག་དང་། དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་སྟེ། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་གསལ་འདོན་གནང་འདུག
དམིགས་དཀར་གོང་གསལ་གསར་འགོད་གསལ་བསྒྲགས་ནང་། ༢༠༡༥ལོ་འདི་བཞིན་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་དམངས་གཙོ་གྱེན་ལངས་ཁྲོད་མི་གསོད་ཁྲག་སྦྱོར་བྱས་ནས། ལོ་ངོ་༢༦འཁོར་བ་དང་། ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རོམ་མུ་ཆིར་ཞི་བའི་མི་དམངས་སྡེབ་གསོད་ཀྱི་དོན་རྐྱེན་བྱུང་ནས་ལོ་༦འཁོར་བ། དེ་བཞིན་བོད་ཀྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིམ་པོ་ཆེ་བཙོན་ཁང་ནང་དོགས་གཞིའི་གནས་སྟངས་འོག་གློ་བུར་དགོངས་པ་རྗོགས་པའི་གནས་ཚུལ་སོགས་བྱུང་ཡོད་པ་དྲན་སྐུལ་གནང་འདུག
མཐའ་དོན་ད་རེས་ཀྱི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་དེ་བརྒྱུད། རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་ལ་བརྩི་བཀུར་ཞུས་པ་དང་། ཆབ་སྲིད་བཙོན་པ་ཡོངས་རྗོགས་འཕྲལ་མར་གློད་གྲོལ་གཏོང་དགོས་པ། རང་དབང་ལྡན་པའི་རྒྱལ་སྤྱིའི་སྐུ་ཚབ་ཚོགས་པ་བོད་དང་ཤར་ཏུར་ཀི་སི་ཐན། རྒྱ་ནག་བཅས་པའི་ནང་རྟོགས་ཞིབ་གཏོང་དགོས་པ་སོགས་དགོས་འདུན་ཁག་གཅིག་བཏོན་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་ཚེ་དབང་ནོར་བུ།