༸གོང་ས་མཆོག་ཨའེ་སི་ལེནདྲ་དུ་ཆིབས་བསྒྱུར།
2009.06.02
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཌེན་མཀ་ཡུལ་གྱི་ཆིབས་བསྒྱུར་ལེགས་གྲུབ་ཟིན་སྟེ་ཕྱི་ཟླ་དྲུག་པའི་ཚེས་གཅིག་ཉིན་ཡོ་རོབ་བྱང་མའི་ཡུལ་གྲུ་ཨའེ་སི་ལེནདྲ་དུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་ཡོད་པ་དང་འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་གྲུ་དེར་ཆིབས་བསྒྱུར་བསྐྱངས་པ་ཐོགས་མ་དེ་ཡིན་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨའེ་སི་ལེནདྲ་ནང་གི་མང་ཚོགས་མཛད་འཆར་ཐོགས་མ་དེ་ཡུལ་དེའི་རྒྱལ་ས་རེཀ་ཡ་ལྦིཀ་ནང་ཡོད་པའི་ཡེ་ཤུའི་ལྷ་ཁང་སྙན་གྲགས་ཆེ་ཤོས་ཧོལ་གི་རིམ་སི་ཀིཇལ་ཡ་ཞེས་པ་དེའི་ནང་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་འདུས་པའི་ཐུགས་སྨོན་གསོལ་འདེབས་བསྐྱངས་གནང་མཛད་པ་དེ་ཡིན་ཞིང་ཆོས་ཁང་དེའི་ནང་མི་ཆིག་སྟོང་ཉིས་བརྒྱའི་ཚད་གཞི་ཡིན་པ་ཡོངས་སུ་ཁེངས་པར་མ་ཟད་ད་དུང་རྐུབ་སྟེགས་མེད་པར་མི་མང་པོ་ཞིག་ཆོས་ཁང་གི་ནང་ལངས་པ་དང་དེ་ལས་མང་བ་ཞིག་ཆོས་ཁང་གི་ཕྱི་རོལ་དུ་གནས་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་ཞུ་རྒྱུར་དགའ་གུས་ཧ་ཅང་ཆེན་པོ་ཞུས་ཡོད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨའེ་སི་ལེནདྲ་དུ་ཕྱི་ཟླ་དྲུག་པའི་ཚེས་གཅིག་ནས་གསུམ་བར་བཞུགས་བཞག་མཛད་རྒྱུ་དང་དེའི་རིང་ཡུལ་དེའི་གྲོས་ཚོགས་སུ་ཆིབས་བསྒྱུར་དང་གསར་འགོད་ལྷན་ཚོགས་དེ་བཞིན་མང་ཚོགས་ལ་སྙིང་རྗེའི་ཉམས་ལེན་དང་བདེ་སྐྱིད་ཀྱི་རིན་ཐང་ཞེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་བཙན་བྱོལ་བོད་གཞུང་གི་ལོན་ཌོན་སྐུ་ཚབ་དོན་གཅོད་ཁང་གིས་གསལ་བསྒྲགས་གནང་འདུག
གོ་ལའི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་རྐྱེན་གྱིས་མི་འབོར་འབུམ་གསུམ་ཙམ་ལས་མེད་པའི་ཡུལ་གྲུ་འདིའི་མང་ཚོགས་ཀྱི་དཔལ་འབྱོར་གྱི་གནས་བབ་ལ་ཡང་དོ་ཕོག་ཆེན་པོ་བྱུང་བཞིན་ཡོད་པ་དང་དཀའ་ངལ་ཆེ་བའི་དུས་ཚོད་འདི་འདྲ་ཞིག་གི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨའེ་སི་ལེནདྲ་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་དེས་ཨའེ་སི་ལེནདྲ་མི་མང་གི་བློ་རྒྱ་ཆེ་རུ་འགྲོ་རྒྱུ་དང་རེ་བ་གོང་འཕེལ་དུ་འགྲོ་རྒྱུར་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ཐེངས་འདིའི་ཆིབས་བསྒྱུར་གོ་སྒྲིག་པས་བརྗོད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨའེ་སི་ལེནདྲ་ཀྱི་གྲོས་ཚོགས་སུ་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ཨསིཏ་རཀ་ཉེཡི་རྡུར་མཆོག་གིས་གདན་ཞུ་ཕུལ་བ་ཞིག་ཡིན་འདུག་ལ་དེ་བཞིན་གཞུང་གི་བློན་ཆེན་ལ་སོགས་པ་སྲིད་དོན་མི་སྣ་དང་གསར་འགོད་པ་སྤྱི་ཚོགས་ཞབས་ཞུ་བ་སོགས་མང་པོ་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་རྒྱུར་རེ་འདོད་ཆེན་པོ་བྱེད་བཞིན་ཡོད་པ་བཙན་བྱོལ་བོད་གཞུང་གི་དབྱིན་ཡུལ་དང་ཡོ་རོབ་བྱང་མའི་སྐུ་ཚབ་དོན་གཅོད་ཚེ་རིང་བཀྲིས་ལགས་ཀྱིས་གསུངས་འདུག།