རྒྱ་གར་དུ་ལྐོག་ཟ་རུལ་སུངས་འགོག་རྒྱུའི་ཟས་བཅད་ངོ་རྒོལ།
2011.04.07
༄༅༎རྒྱ་གར་ནང་སྐྱེས་བུ་དམ་པ་གེན་རྡིའི་རྗེས་འཇུག་པ་ཞིག་ནས་ལྐོག་ཟ་རུལ་སུངས་མེད་པ་བཟོ་དགོས་པའི་ཁྲིམས་གཞི་གཏན་འབེབས་བྱེད་དགོས་པའི་དགོས་འདུན་བཏོན་ནས་ཟས་བཅད་ངོ་རྒོལ་མུ་མཐུད་གནང་བཞིན་ཡོད་འདུག
ཉེ་བའི་ཆར་རྒྱ་གར་གཞུང་གི་གནད་ཡོད་དཔོན་རིགས་དང་ཁེ་ལས་ཚན་པ་ཆེ་ཁག་འགའ་ཤས་ཤིག་ནས་རྒྱལ་ཁབ་ཀྱི་དངུལ་ལྐོག་ཟས་བྱས་པའི་གནས་ཚུལ་ཐོན་ནས་ཞིབ་འཇུག་བྱས་དང་བྱེད་བཞིན་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཚང་མའི་ནང་ཐོན་བཞིན་ཡོད་པ་དེ་མི་མང་གིས་བློ་འཚབ་སྐྱེས་གཞི་དང་ད་ལྟའི་གཞུང་འཛིན་ལ་དཀའ་ངལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད། རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་མེད་པ་བཟོ་ཐབས་སམ་ཡང་ན་དེ་དག་ཞིབ་བཤེར་བྱེད་མཁན་གཞུང་ནས་དམིགས་བསལ་བཙུགས་པ་ཞིག་མ་ཡིན་པར་གཞུང་འབྲེལ་མ་ཡིན་པའི་སྒེར་གྱི་ཚོགས་པ་ཞིག་འཛུགས་དགོས་པའི་ཁྲིམས་གཞི་ཞིག་བཏོན་རྩིས་བྱས་ནས་ད་བར་ལོ་ངོ་བཞི་བཅུ་ཞེ་གཉིས་ཙམ་འགྲོ་གི་ཡོད་ཀྱང་ད་བར་གཞུང་དང་ཡང་ན་ཕྱོགས་འགལ་ཚོགས་པ་ཚོས་དེར་མོས་མཐུན་མ་བྱུང་བའི་རྐྱེན་གྱིས་ལམ་ལྷོང་ལྡན་པ་ཞིག་བྱུང་མེད་པ་རེད། ད་ཆ་རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་སྟབས་སྐྱེས་བུ་དམ་པ་གེན་རྡིའི་རྗེས་འཇུག་པ་དགུང་གྲངས་བདུན་བཅུ་དོན་གསུམ་ལ་ཕེབས་པའི་སྤྱི་ཚོགས་ཞབས་ཞུ་བ་ཨ་ན་ ཧ་ཛ་རིས་སྣེ་འཁྲིད་དེ་བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ནས་བཟུང་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་མི་མང་གིས་ལྐོག་ཟ་རུལ་སུངས་ལ་གདོང་ལེན་ཞེས་པའི་བརྗོད་གཞིའི་ཐོག་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་བརྩམས་གནང་ནས་ད་ཆ་ཉིན་གྲངས་བཞི་ཙམ་འགྲོ་གི་ཡོད་པའི་དུས་ཡུན་དེའི་རིང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་རྒན་བྱིས་གཞོན་གསུམ་དང་ལྷག་པར་དུ་གཞོན་སྐྱེས་བརྒྱ་ཕྲག་མང་པོས་གདུང་སེམས་མཉམ་སྐྱེད་ཙམ་མ་ཡིན་པར་ཟས་བཅད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་བཞིན་ཡོད་པ་རེད། ཁོང་གིས་ངའི་གཟུགས་གཞིའི་ཆ་ནས་ཉིན་གྲངས་བདུན་རིང་ཟས་བཅད་སྡོད་ཐུབ་ཀྱི་ཡོད། ཡིན་ནའང་གཞུང་གི་ངོས་ནས་ཁས་ལེན་ཡག་པོ་ཞིག་མ་བྱུང་བར་ང་ཟས་བཅད་བསྡད་ཀྱི་ཡིན་ཞེས་འགྲེལ་བརྗོད་གནང་ནས་གང་ལྟར་ལྐོག་ཟ་རུལ་སུངས་ཀྱི་ནད་འདི་རྩ་མེད་བཟོ་ཐབས་གནང་རྒྱུའི་ཆོད་སེམས་གཏན་པོ་འཛིན་བཞིན་ལས་འགུལ་སྤེལ་བ་དེ་བརྒྱུད་རྒྱ་གར་མང་ཚོགས་ནས་ཀྱང་དེར་རྒྱབ་སྐྱོར་གྱི་ལས་འགུལ་ཉིན་རེ་བཞིན་ཤུགས་ཆེ་རུ་འགྲོ་གི་ཡོད་པ་རེད།