ནིའུ་ཡོག་ཏུ་གུར་ཕྱིར་བསྡུ་བྱ་དགོས་པའི་བཀའ་བཏང་བ།
2012.02.25
༄༅༎ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཉེན་རྟོག་ལས་ཁང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་ཟས་བཅད་ངོ་རྒོལ་གནང་མཁན་བོད་མིའི་སྡོད་སའི་གུར་ཕྱིར་བསྡུ་བྱ་དགོས་པའི་བཀའ་བཏང་ཡོད་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་འགྲེལ་བརྗོད་གནང་འདུག
བཙན་བྱོལ་ནང་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེང་སྐབས་བོད་ནང་བོད་མི་ཁག་ཅིག་གིས་བོད་རང་དབང་གི་ཆེད་རང་ལུས་མེ་སྲེག་བཏང་གནང་སྟེ། རྒྱ་ནག་གཞུང་གི་དྲག་པོའི་དབང་བསྒྱུར་སྲིད་བྱུས་ལ་ངོ་རྒོལ་གྱི་རྣམ་འགྱུར་བཏོན་བཞིན་པར་གདུང་སེམས་མཉམ་བསྐྱེད་ཆེད་ ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་ལྟར། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་འོག ཕྱི་ཟླ་གཉིས་པའི་ཚེས་༢༢་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ནས་བཟུང་བོད་མི་གསུམ་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཞུང་ལས་ཁང་གི་སྒོ་འགྲམ་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་གོ་ཚུགས་གནང་ཡོད་པ་དང་། ཡིན་ནའང་ཕྱི་ཚེས་༢༥ཉིན་ནིའུ་ཡོག་གྲོང་ཁྱེར་ཉེན་རྟོག་ལས་ཁང་གིས་བོད་མི་ཟས་བཅད་ངོ་རྒོལ་གནང་མཁན་གསུམ་བཞུགས་སའི་གུར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཞུང་ལས་ཁང་གི་སྒོ་འགྲམ་ནས་ཕྱིར་བསྡུ་བྱ་དགོས་པའི་བཀའ་བརྒྱ་བཏང་ཡོད་པ་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གསུང་ན། ཟས་བཅད་ངོ་རྒོལ་གནང་མཁན་ཚོ་སྡོད་སའི་གུར་གནས་སྐབས་ངོ་རྒོལ་བྱེད་སའི་གཏན་འབེབས་ས་གནས་ཁུལ་དུ་གནས་སྤོས་བྱས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟས་ཆད་ངོ་རྒོལ་བ་ཚོའི་དགོས་འདུན་ལ་བརྡ་ལན་མ་བྱས་བར་དུ་མུ་མཐུད་ཟས་བཅད་ངོ་རྒོལ་གནང་རྒྱུ་ཡིན་པ་གསུངས་འདུག
ཟས་བཅད་ངོ་རྒོལ་གནང་མཁན་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐད་ཀར་བོད་ནང་སྐུ་ཚབས་ཆེད་གཏོང་གནང་སྟེ། བོད་ནང་གི་ད་ལྟའི་གནས་སྟངས་ཐོག་རྟོགས་ཞིབ་གནང་རྒྱུ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་དམག་དོན་བཀག་སྡོམ་གྱི་ཁྲིམས་གཞི་ཕྱིར་ཐེན་དགོས་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དང་། དེ་བཞིན་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུར་བོད་ནང་གཏོང་དགོས་པ། པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་འགྲོལ་དགོས་པ། བོད་ནང་ངལ་རྩོལ་འགྱུར་བཀོད་ཀྱི་ལམ་ལུགས་མེད་པ་བཟོ་དགོས་པ་སོགས་ཀྱི་དགོས་འདུན་བཏོན་བཞིན་ཡོད་འདུག།