བོད་མི་ཆབ་སྲིད་བཙོན་པར་སྡུག་སྦྱོང་མནར་གཅོད་སྐོར་གྱི་སྙན་ཐོ།
2015.02.26
རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱབ་འགལ་བྱས་བའི་རྒྱ་ནག་གི་བྱ་སྤྱོད་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སེམས་ཚབས་གནང་འདུག
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱི་ཟླ་༢བའི་ཚེས་༢༦ཉིན་སྤེལ་བའི་གནས་ཚུལ་ཞིག་གི་ནང་། སྤྱི་ལོ་༢༠༠༨ནས་༢༠༡༤ལོའི་བར་བོད་མིའི་ཆབ་སྲིད་བཙོན་པ་༢༩ལ་བཙོན་ཁང་ནང་བསྡད་པའི་རིང་སྡུག་སྦྱོང་མནར་གཅོད་ཕོག་པ་དང་། ལྷག་པར་དུ་ཁོང་ཚོའི་ནང་ནས་སྡུག་སྦྱོང་མནར་གཅོད་འོག་དུས་མིན་རྐྱེན་འདས་སུ་བཏང་པའི་ཆབ་སྲིད་བཙོན་པ་༡༤ཡི་གནས་ཚུལ་ཞིབ་ཕྲ་སྙན་ཐོ་འདིའི་ནང་བཀོད་གནང་ཡོད་ཅིང་། བོད་མི་ཆབ་སྲིད་བཙོན་པ་ཚོར་རྒྱ་ནག་གི་བཙོན་ཁང་ནང་གི་རྒྱ་རིགས་ལས་བྱེད་པ་ཚོས་སྡུག་སྦྱོང་མནར་གཅོད་གཏང་པ་དེ་ནི་རྒྱ་ནག་དང་། རྒྱལ་སྤྱིའི་ཁྲིམས་ལུགས་དང་རྦད་དེ་རྒྱབ་འགལ་བྱས་ཡོད་པ་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སེམས་ཚབས་ཆེན་པོ་ཡོད་ལུགས་བརྗོད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོ་འཛིན་སྐུ་ཞབས་Matteo Mecacciལགས་ཀྱིས་གསུངས་དོན། སྙན་ཐོ་དེ་ནི་༢༠༠༨ལོ་ནས་བཟུང་བོད་མི་བཙོན་པ་ཚོར་སྡུག་སྦྱོང་མནར་གཅོད་བཏང་ཡོད་པའི་སྐོར་ཡིན་པ་དང་། བོད་ཀྱི་ན་གཞོན་མི་རབས་་གསར་པ་ཚོས་ཞི་བའི་ཐོག་ནས་རང་ཉིད་ཀྱི་བལྟ་ཚུལ་འདོན་པར། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་མནར་གཅོད་གཏོང་བའི་བྱ་སྤྱོད་དེ་ལ་རྒྱལ་སྤྱིའི་ཚོགས་སྡེ་དང་། དམངས་གཙོའི་གཞུང་ཁག་གིས་སྣང་མེད་དུ་འཇོག་ཐབས་མེད་པ་ཞིག་རེད་ཅེས་གསུངས། བོད་མི་ཆབ་སྲིད་བཙོན་པ་ཚོར་མནར་གཅོད་བཏང་པའི་སྐོར་གྱི་ཞིབ་ཕྲའི་སྙན་ཐོ་དེ་ནི་ཐེངས་རྗེས་མའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྡུག་སྦྱོང་མནར་གཅོད་འགོག་མཁན་གྱི་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ལ་ཡང་འབུལ་ལམ་ཞུ་རྒྱུའི་འཆར་གཞི་ཡོད་པ་རེད།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།