ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱིས་དུས་རབས་ཉེར་གཅིག་པའི་ནང་པ་བྱ་གལ་ཆེ།


2017.12.14
༧གོང་ས་མཆོག་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ། ༢༠༡༧།༡༢།༡༤ ༧གོང་ས་མཆོག་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ། ༢༠༡༧།༡༢།༡༤
OHHDL

དུས་རབས་ཉེར་གཅིག་པའི་ནང་པ་ཅེས་པ་ནི་ཆོས་ལ་དད་པ་ཙམ་མ་ཡིན་པར་ཆོས་ལ་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དགོས་གལ་ཆེ་བ་༧གོང་ས་མཆོག་གིས་བཀའ་གནང་འདུག
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡༢་པའི་ཚེས་༡༤་ཉིན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་པའི་ཐོག ནང་ཆོས་དང་ཚན་རིག་བཟུང་འབྲེལ་གྱི་སྒོ་ནས་དུས་རབས་ཉེར་གཅིག་པའི་ནང་པ་བྱ་གལ་ཆེ་བའི་སྐོར་བཀའ་སློབ་སྩལ་གནང་མཛད་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དབུ་འབྱེད་རབ་གནས་ཆེད་གནང་མཛད་སྐབས། ལོ་ངོ་༢༠༠༠་གོང་གི་རྒྱ་གར་གྱི་སྣ་རབས་ཀྱི་ལྟ་གྲུབ་མི་འདྲ་བ་ཚང་མའི་ནང་ཆད་ལྷག་ཡོད་པ་གཅིག་དེ་རིག་གསར་གྱི་ཚན་རིག་ཡིན་པ་དང་། དེར་བརྟེན་ད་རེས་ཚན་རིག་ལྟེ་གནས་ཁང་དེའི་བརྒྱུད་ནང་ཆོས་ནང་རིག་གསར་ཚན་རིག་ཁ་སྐོང་ཐུབ་རྒྱུ་ཡིན་ཞིང་། དེ་ལྟར་བྱུང་ཚེ་ དུས་རབ་༢༡་པའི་ནང་པ་ཆགས་ཐུབ་རྒྱུ་ཡིན་པ་གསུངས་འདུག་ལ་དུས་རབས་༢༡་པའི་ནང་པ་ཅེས་པ་ནི་ཆོས་ལ་དད་པ་ཁོ་ན་མ་ཡིན་པར་ཆོས་ལ་རང་ཚུགས་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དགོས་གལ་ཆེ་བ་ཡིན་པ་བཀའ་གནང་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འབྲས་སྤུངས་བློ་གསལ་གླིང་གི་ཚན་རིག་ལྟེ་གནས་ཁང་དབུ་འབྱེད་གྲུབ་མཚམས། ཚན་རིག་ལྟེ་གནས་ཁང་ལ་གཟིགས་ཞིབ་གནང་སྟེ། ལྟེ་གནས་ཁང་འདིའི་ནང་ཚན་རིག་གི་རྟགས་དཔྱད་ཀྱི་ལམ་ནས་འགྲེལ་བཤད་རྒྱག་རྒྱུའི་སློབ་སྦྱོང་གི་གོ་སྐབས་དང་མཐུན་རྐྱེན་བསྐྲུན་པ་དེས་རིག་པའི་ལམ་ནས་གཏན་ལ་ཕབ་པའི་དཔལ་ན་ལེནྜའི་ཆོས་བརྒྱུད་ལ་ཟུར་རྒྱན་གྱི་ཚུལ་དུ་ཞབས་འདེགས་སྒྲུབ་ཐུབ་པ་བྱ་རྒྱུ་དེ་ཚང་མའི་ཡིད་ལ་བཅངས་དགོས་པ་ནན་སྐུལ་གནང་འདུག
མཛད་སྒོའི་ཐོག་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ནས། སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གསར་འཛུགས་ཀྱི་དགོས་དམིགས་དང་ལས་འཆར་ངོ་སྤྲོད་གནང་པའི་ནང་། འདས་པའི་ལོ་ཤས་ནང་རི་བོ་དགེ་ལུགས་པའི་གདན་ས་གྲྭ་ཚང་ཁག་གི་ནང་ཚད་མཐོའི་ཚན་རིག་སློབ་སྦྱོང་འཇོག་རྒྱུའི་ཐག་གཅོད་བྱུང་བ་ལྟར། གྲྭ་ཚང་གཞན་དང་གཅིག་མཚུངས་ཀྱི་བློ་གསལ་གྲྭ་ཚང་ནང་དུའང་དེ་ལྟར་ལག་ལེན་དོན་ཁྱོལ་འགོ་འཛུགས་གནང་བ་ཞིག་ཡིན་པ་གསུངས་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བློ་གསལ་གླིང་གྲྭ་ཚང་གི་སྒོམ་སྒྲུབ་དང་། ཚན་རིག་ལྟེ་གནས་ཁང་རབ་གནས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་དགའ་ལྡན་ཁྲི་པ་དང་། ཁྲི་ཟུར་ མཁན་པོ་དང་། གྲྭ་ཚང་གི་དགེ་འདུན་པ་དེ་བཞིན་ས་གནས་གཞིས་སྒོ་སོགས་ཁྱོན་མི་གྲངས་༥༠༠ཙམ་ཆེད་བཅར་ཞུས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎