ཞི་བདེ་ནི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན།
2012.02.24
༄༅༎འབར་མའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་མཆོག་གྲངས་ཉུང་ཀ་ཆིན་མི་རིགས་གནས་སྡོད་བྱ་ཡུལ་རི་བརྒྱུད་དུ་ཕེབས་ཏེ་འབྱུང་འགྱུར་འབར་མའི་ནང་ཞི་བདེ་དང་བདེ་འཇགས་ཡོང་ཐབས་བྱ་རྒྱུ་ནི། འཛུགས་སྐྲུན་དང་འཕེལ་རྒྱས་ཡོང་བ་བྱེད་པའི་རྨང་གཞི་ཡིན་པའི་བཀའ་སློབ་ལམ་སྟོན་གནང་འདུག
ནོ་བེལ་ཞི་བདེའི་བྱ་དགའི་བདག་ཉིད་ལྕམ་ཨོང་སན་སུའུ་ཆི་མཆོག་ནི། གྲངས་ཉུང་མི་རིགས་ཆེས་མང་བའི་འབར་མའི་མི་རིགས་ཡོངས་ཀྱི་དབུ་ཁྲིད་ལ་ངོས་འཛིན་བྱ་ཡུལ་ཡིན་པ་མ་ཟད། ལྷག་པར་དུ་གཞུང་འཛིན་དང་ལོ་མང་དམག་འཐབ་བྱེད་བཞིན་པའི་ཀ་ཆིན་མི་རིགས་ཀྱིས་རེ་བ་བྱ་ཡུལ་གྱི་འགོ་ཁྲིད་ཅིག་ཡིན་པ་རེད། ཁོང་གིས་ཀ་ཆིན་མི་རིགས་ཕོན་ཆེ་འདུ་འཛོམས་སར་གསུང་བཤད་གནང་བར་། ཞི་བདེ་མེད་པར་འཕེལ་རྒྱལ་ཡོང་མི་ཐུབ་ཅེས་བཀའ་གནང་འདུག
འབར་མའི་ཡུལ་དེ་དྲག་པོའི་སྒྲིག་འཛུགས་ཀྱིས་སྲིད་དབང་འོག་གནས་ཡོད་ཀྱང་ཉེ་སྔོན་མི་མང་གིས་འོས་བསྡུའི་ལམ་ནས་གསར་འཛུགས་བྱས་པའི་ཞི་བའི་སྒྲིག་འཛུགས་ཀྱི་གཞུང་ཞིག་གསར་འཛུགས་བྱུང་བའི་རྣམ་པ་ཡོད་པ་མ་ཟད། དེ་སྔོན་ལྕམ་ཨོང་སན་སུའུ་ཆི་སོགས་ཆབ་སྲིད་བཙོན་པ་ཕོན་ཆེ་གློད་བཀྲོལ་བཏང་སྟེ་འབར་མའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་མཆོག་ཀྱང་སླར་ཡང་གྲོས་ཚོགས་ཀྱི་བར་མའི་འོས་བསྡུའི་ནང་བཞུགས་ཀྱི་ཡོད་པ་རེད། ཨ་རི་དང་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་འབར་མར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཀལ་ཡོད་ཀྱང་ད་ཆ་ཕྱིར་འཐེན་གནང་ཕྱོགས་ཐད་གྲོས་བསྡུར་གནང་བཞིན་པ་རེད། འབར་མའི་ཡུལ་ནང་མི་རིགས་མི་འདྲ་བ་ཆེས་མང་པོ་ཡོད་པ་ནས་ཀ་ཆིན་མི་རིགས་ཕལ་མོ་ཆེ་ཡེ་ཤུའི་ཆོས་ལུགས་རྗེས་འབྲངས་པ་ཡིན་པ་དེ་ལྟར་ཡང་། ནང་པའི་ཆོས་ལུགས་རྗེས་འབྲངས་པ་ལྕམ་ཨོང་སན་སུའུ་ཆི་མཆོག་ལ་ཚང་མས་རེ་བ་རྒྱག་ཡུལ་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དྲག་པོའི་གཞུང་གིས་སྲིད་དབང་གཅིག་སྡུད་དང་། གྲངས་ཉུང་མི་རིགས་ནང་ཁུལ་འཐབ་རྩོད་འོག་ཆེས་རྗེས་ལུས་ཐེབས་པའི་འབར་མའི་ཡུལ་དེའི་མི་མང་ཕལ་ཆེ་བས་ལྕམ་ཨོང་སན་སུའུ་ཆི་མཆོག་མགོན་དང་སྐྱབས་དུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཀ་ཆིན་མི་རིགས་ཀྱི་འགོ་ཁྲིད་ཅིག་གིས་གསུངས་གནང་འདུག།